སྤྱི་ཟླ6པའི་ཚེས22ཉིན། “འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་ཤར་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དཔའ་ལུང་རྫོང་བ་ཡན་མི་རིགས་གླུ་གར་འཁྲབ་སྟོན་ལྟེ་གནས་སུ་བསྒྲུབས། རང་ཅག་སྐྱེ་བོ་ཕལ་མོ་ཆེའི་སྣང་ངོར་མདོ་སྨད་ལ་གཞས་དར་ས་ནི་འབྲོག་ཡུལ་ཁོ་ན་ཞིག་ལ་ངོས་འཛིན་གྱི་འཁྲུལ་བ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་སྲིད་མོད། དོན་ལ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གཅན་ཚ་དང་དཔའ་ལུང་གཙོས་རོང་ཕྱོགས་ས་ཁུལ་དུ་ཡང་། སྔོན་ཆད་ལ་གཞས་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་སྟེ། དཔེར་ན། “ས་ཀ་མདོ་སྡོང་ར་ནང་ནས། །སྡོང་སྐྱེས་ནོ་མིག་ལ་ཡག་གི །སིལ་ཐོགས་ནོ་བློ་ལ་འབབ་གི །རྡོ་འཕེན་གི་སྟབས་ཀ་འགྲིག་ན། །སིལ་ཟ་རྒྱུར་ཁྲིགས་ཁྲིགས་མེད་གི། །”ཞེས་དང་། “རྨ་ཕ་རིའི་ལྕགས་ཐག་ཁ་སྒང་ནས། །ངས་ལྕགས་ཐག་བཅད་ལེ་ཡོང་ན། །ཁྱོས་བལ་ཐིག་གཅོད་རོགས་འེ་ཆོད། །ཁྱོས་བལ་ཐིག་གཅོད་རོགས་མ་ཆོད་ན། །ངས་ལྕགས་ཐག་བཅད་ནོ་དོན་མེད་རེད། །”ཞེས་པའི་གླུ་ཚིག་ལས་ཀྱང་ག་ལེར་ཤེས་ཐུབ།
མདོ་སྨད་ཡུལ་གྲུའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་གར་སྟེགས་ཆེན་མོ་སྟེ། སྡེ་ཆེན་རྩེད་ར་མིག་སྔར་སྐབས་དགུ་ལ་བསྒྲུབས་པའི་ཁྲོད། སྐབས་བརྒྱད་པ་ནས་བཟུང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་མཚོ་ཤར་གྲོང་ཁྱེར་ཡང་སྔ་མའི་འགྲན་ཁུལ་ལྔའི་ཁྲོད་གསར་དུ་ཁ་སྣོན་བྱས་པས་ས་དེའི་གླུ་བ་གླུ་མ་ཚོས་དགའ་བསུ་ཆེན་པོ་ཐོབ་པ་དང“སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་ཁྲོད་མཚོ་ཤར་གྲོང་ཁྱེར་གྱི་གླུ་བ་གླུ་མ་ཚོས་གཡུར་ཟའི་འབྲས་བཟང་བསྐྲུན་ཡོད་ལ། འགྲན་ཞུགས་པའི་གྲངས་ཚད་ངེས་ཅན་ཟིན་པའི་འབྲོག་ཕྱོགས་ཀྱི་གླུ་བ་གླུ་མའི་ཁྲོད་མདོ་སྨད་རྨ་འགྲམ་རོང་ཕྱོགས་ཀྱི་གླུ་བ་གླུ་མ་གསར་དུ་ཞུགས་པ་དེས། ལ་གཞས་ཀྱི་གླུ་ཚིག་དང་གླུ་སྐས། ལེན་ལུགས་འཁོར་ཕྱོགས་སོགས་གང་ཅིའི་ཐད་སྔར་མེད་པའི་བཀྲག་མདངས་དང་བྲོ་བ་གཞན་ཞིག་བསྩལ་ཡོད་པར་མ་ཟད། རྨ་འགྲམ་རོང་གི་ལ་གཞས་སྒྱུ་རྩལ་ཉམས་གསོ་དང་རྒྱུན་འཛིན་ཐད་ལའང་ནུས་པ་ཆེན་པོ་ཐོན་ཡོད་པ་མིག་མཐོང་ལག་ཟིན་རེད།
ཐེངས་འདིའི་མཚོ་ཤར་གྲོང་ཁྱེར་གྱི་ཐོག་མའི་འགྲན་སྡུར་ལ་འདི་གའི་གླུ་བ་གླུ་མ་ཕལ་ཆེ་བ་རྒྱུ་རྐྱེན་སྣ་མང་གི་དབང་གིས་དུས་ལྟར་ཞུགས་མ་ཐུབ་པས་འགྲན་སྡུར་གྱི་གཞི་རྩའི་བླང་བྱ་དང་བར་ཐག་ཅུང་རིང་མོད། རྒན་དར་གཞོན་གསུམ་གྱིས་གྲུབ་པའི་ཡུལ་དངོས་ལྟད་མོ་བ་སྔར་བཞིན་ཅུང་མང་བར་དཔགས་ཚེ། དཔའ་ལུང་རྫོང་འདི་ལ་ཡང་དམངས་ཁྲོད་ལ་གཞས་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ལྡན་པ་ངང་ངམ་ཤུགས་ཀྱིས་ཞར་ལ་རྟོགས་ཐུབ། དཔའ་ལུང་རྫོང་བ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ། གླུ་བ་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། ད་ལོ་དཔའ་ལུང་ས་ཆའི་གླུ་བ་གླུ་མ་མང་པོ་ཞོར་ལས་སུ་བསྐྱོད་ནས་དུས་ལྟར་ཕྱིར་མ་ཐོན་པ་དང་ལ་ལ་ཞིག་ལ་སྐབས་ཐོག་ཏུ་དོན་དག་དང་འཕྲད་པས་ཟབ་ཞུགས་ཀྱི་གྲངས་ཀ་ལོ་སྔོན་མ་ལས་ཇེ་ཉུང་དུ་སོང་ཡོད་ཀྱང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་ང་ཚོར་དམིགས་བསལ་གྱི་གོ་སྐབས་གང་ལེགས་བསྐྲུན་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐབས་རྗེས་མའི་འགྲན་སྡུར་ལ་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱ་རྒྱུ་ཡིན་ཟེར། ཁྱེད་ཟི་ལིང་མཁར་གྱི་ཙོང་ཆུ་རེད། །ང་བ་ཡན་ཐང་གི་གཞུང་ཆུ་ཡིན། །འདི་འཛོམས་ས་འཁར་ཟངས་གཅིག་རེད་མོ། །དཀར་འོ་མ་བརྒྱབ་ནས་མཐུན་སོང་ཟིག །ལས་སྨོན་ལམ་ཡོད་ན་དེ་མོ་རེད། ། ཐེངས་འདིར་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ནི། འགྲན་ཞུགས་གླུ་བ་ཚེ་རིང་། འགྲན་ཞུགས་གླུ་བ་རྒྱ་མཚོ། འགྲན་ཞུགས་གླུ་བ་བསོད་རྒྱལ། འགྲན་ཞུགས་གླུ་མ་སྐལ་བཟང་མེ་ཏོག འགྲན་ཞུགས་གླུ་མ་ཤ་བོ་མཚོ་བཅས་རེད།