བོད་ཀྱི་སྨན་ལུམས་རྒྱལ་སྤྱིའི་འགྲེམས་སྟོན་ལ་ཞུགས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཉེ་ཆར། སྐབས་དགུ་པའི་ཀྲུང་གོ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་སི་ཁྲོན་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འཛམ་གླིང་ས་གནས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་དང་ཆེད་མཁས་པ་མཉམ་འཛོམས་ཀྱིས་ས་གནས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་གཅེས་ནོར་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་ཡོད།

བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས་གདན་ཞུས་ལྟར་ད་ཐེངས་ཀྱི་ཚོགས་ཆེན་ལ་ཞུགས་ཡོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་བོད་སྨན་འགྲེམས་ཞུགས་ཚན་པ་ཉག་ཅིག་དེ་ཡིན་པའི་ངོས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་ལྟེ་བར་བྱས་ཏེ། རི་མོ་དང་དངོས་རྫས་སོགས་ཀྱི་རྣམ་པ་བརྒྱུད་ཕྱོགས་ཡོངས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་། ཐུན་མིན་གྱི་རིག་གཞུང་མ་ལག དེང་རབས་སྤྱི་ཚོགས་ཀྱི་དབྱར་མཚོ་ལྟར་རྒྱས་པའི་གསོན་ཤུགས་བཅས་མངོན་པ་དང་། གཙོ་གནད་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་དེ“རླུང” “མཁྲིས” “བད་ཀན”བཅས་ཉེས་པ་གསུམ་གྱི་གཞུང་ལུགས་ཀྱི་རྨང་གཞི་དང“བདུད་རྩི་ལྔ་ལུམས”ཀྱི་ལྟེ་བའི་སྡེབ་སྦྱོར་བཅས་གསལ་འགྲེལ་བྱས་ཐོག ཚང་མས་གནའ་བོའི་གསོ་ཐབས་དེའི་ཚན་རིག་གི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱེད་དུ་བཅུག་ཡོད།

འགྲེམས་ཚོགས་ཐོག མཚོ་སྔོན་སྨན་ཁང་གི་སྨན་ལུམས་ཆེད་མཁས་ཚོགས་པས་ས་གནས་ས་ཐོག་ཏུ་ནད་པར་རྩ་བརྟག་པ་དང་དྲ་སྦྲེལ་སྨན་ཁང་བརྒྱུད་སྨན་ཐོ་སྤྲད་དེ་སྨན་ལུམས་ཀྱིས་རླུང་རླན་རང་བཞིན་གྱི་དྲེག་གྲུམས་དང་། རུས་ཚིགས་དྲེག་གྲུམས། པགས་ནད། དབང་རྩའི་ནད། དེ་བཞིན་བདེ་ཐང་ཕལ་པའི་སྙོམ་སྒྲིག་སོགས་ཁྱབ་ཁོངས་སུ་ཚད་ལྡན་ཅན་གྱི་ནད་ཐོག་བཀོལ་སྤྱོད་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། བྱེད་སྒོ་དེས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མི་ཐེངས་ཁྲི་ཕྲག་མང་པོའི་ཡིད་དབང་བཀུག་ནས་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

ད་ཐེངས་འགྲེམས་སྟོན་ནང་ཞུགས་པ་དེས་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་ལ་སྤྱི་དམངས་ཀྱི་ཤེས་རྟོགས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་སྒྲིག་གཞི་དང་བདེ་ཐང་ཐོན་ལས་འཐུས་མིའི་དོ་ཁུར་ཆེན་པོ་ཐོབ་ནས། སྤྱི་དམངས་ཀྱིས་སྲོལ་རྒྱུན་གསོ་རིག་ལ་ཤེས་རྟོགས་བྱེད་པའི་བཀག་རྒྱ་གཏོར་བ་དང་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་དེ“འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག”དང“ནུས་ལྡན་བཅོས་ཐབས”ཡིན་པའི་རིན་ཐང་ཉིས་བརྩེགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། སྨན་ཁང་དེ་གས་གོ་སྐབས་དེའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་འཛིན་བྱེད་སྟངས་གསར་གཏོད། རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་བཅས་བྱས་ཏེ། ལོ་ངོ་སྟོང་གི་བོད་སྨན་གྱི་བློ་གྲོས་ཀྱིས་མི་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་དང་། བདེ་ཐང་ཀྲུང་གོ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་བཅས་ལ་བོད་སྨན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།