ཟླ་སྔོན་མ5ཡི་ནང་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་དུས་མཉམ་ལས50.5%འཕར་ཡོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། བསྡོམས་རྩིས་ལྟར་ན2025ལོའི་ཟླ་སྔོན་མ5ཡི་ནང་། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར29.8ཡིན་པ་དེ་ན་ནིང་གི་དུས་མཉམ་དང་བསྡུར་ན(གཤམ་དང་མཚུངས)50.5%འཕར་ཡོད།

ཐོན་སྐྱེད་རྣམ་པའི་ཁེ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱིས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་གཙོ་བོའི་ནུས་པ་སྔར་བས་མངོན་གསལ་དུ་གྱུར་ཡོད། ཟླ་སྔོན་མ5ཡི་ནང་། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རྣམ་པའི་ཁེ་ལས་ཀྱི་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24ཡིན་པ་དང་ལྡབ2.1འཕར་ཡོད་ལ། བསྡུར་ཚད2021ལོའི27.5%ནས80.4%བར་འཕར་ཡོད་པས། རང་རེའི་ཞིང་ཆེན་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་ཅུང་ཆེན་པོ་བཞག རང་རེའི་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་ཁྲོད་ཀྱི་གཙོ་ཤུགས་ནུས་པ་སྔར་བས་མངོན་གསལ་དུ་ཕྱིན་ཡོད་དེ། ཟླ་སྔོན་མ5ཡི་ནང་། རང་རེའི་ཞིང་ཆེན་དུ་ཕྱིར་གཏོང་དང་ནང་འདྲེན་གྱི་དོན་དངོས་གྲུབ་འབྲས་ཡོད་པའི་དམངས་གཉེར་ཁེ་ལས153ཡོད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྒོར་དུང་ཕྱུར25.9ཟིན་པ་དེ86.3%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ནང་བཟུང་བའི་བསྡུར་ཚད་ད་ལོའི་ཟླ་སྔོན་མ་བཞི་ལས་བརྒྱ་ཆའི་ཚེག0.1འཕར་ཡོད། དུས་མཚུངས་སུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོར་དུང་ཕྱུར3.9ཡིན་པ་དང་། ཕྱི་ཕྱོགས་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་མ་དངུལ་སྒོར་ཁྲི827ལ་སླེབས།

ཁྲོམ་རའི་སྣ་མང་ཅན་གྱི་བཀོད་སྒྲིག་སྔར་བས་ཇེ་མཐོར་བཏང་སྟེ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་དང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ཡོད། ཟླ་སྔོན་མ5ཡི་ནང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ(ས་ཁོངས)90དང་ཉོ་ཚོང་འགྲོ་འོང་བྱས་པ་དང་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དང་། ཧུང་ཏུའུ་ལ་སི། ཕ་ན་མ། ལེ་པ་ནོན་སོགས་ཚོང་དོན་རོགས་ཟླ9གསར་དུ་བསྣན། ཧང་ཀ་རི་དང་། མ་ལེ་ཞི་ཡ། ཨུ་རུ་སུ་བཅས་ནི་རང་རེའི་ཞིང་ཆེན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་ཡིན་པ་དང་། གོང་གི་རྒྱལ་ཁབ་གསུམ་གྱི་ཕྱིར་གཏོང་ནང་འདྲེན་སོ་སོར་སྒོར་དུང་ཕྱུར11.6དང་། སྒོར་དུང་ཕྱུར3.2། སྒོར་དུང་ཕྱུར1.9བཅས་ཟིན་ནས། སོ་སོ་ལྡབ27.6དང་། 57.6%། ལྡབ1.7བཅས་འཕར་ཡོད། དུས་མཚུངས་སུ་རང་རེའི་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར24.6ལ་སླེབས་པ་དེས68.2%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི82.6%ཟིན་ཡོད།

ནུས་ཁུངས་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་གློ་བུར་དུ་འཕར་བ་དང་ཤེལ་མང་སྭེལ་དང་འདུས་འདྲེས་ཁིལ་ཁ་སིན་སོགས་སྲོལ་རྒྱུན་ཐོན་རྫས་ཕྱིར་གཏོང་བྱེད་ཚུལ་ཅུང་བཟང་།  ཟླ་སྔོན་མ5ཡི་ནང་། ཞིང་ཆེན་གྱི་ནུས་ཁུངས་གསར་པའི་ཐོན་རྫས་སྒོར་དུང་ཕྱུར12.2ཕྱིར་གཏོང་བྱས་ནས་ལྡབ16.5འཕར་ཡོད། དེའི་ཁྲོད་དུ་ལིས་གྱེས་རྡུལ་གསོག་གློག་སྨན་ཕྱིར་གཏོང་སྒོར་དུང་ཕྱུར11.5ཟིན་པ་དེ་ལྡབ33.5འཕར་ཡོད་པ་དེ་ནི་རང་རེའི་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་ཆེས་ཆེར་འཕར་བར་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱིས་ཤེལ་མང་སྭེལ་སྒོར་དུང་ཕྱུར2.8ཕྱིར་གཏོང་བྱས་ནས70.9%འཕར་ཡོད། ཕྱིར་གཏོང་བྱས་པའི་འདུས་འདྲེས་ཁིལ་ཁ་སིན་སྒོར་དུང་ཕྱུར1.4ཟིན་པ་དེ་ལྡབ2.2འཕར་ཡོད།  ཐཱན་སྐྱུར་ནཱ(བུལ་གཙང་མ)སྒོར་དུང་ཕྱུར0.9ཕྱིར་གཏོང་བྱས་ནས་ལྡབ2.2འཕར་ཡོད།

“མཚོ་སྔོན”རྟགས་ཅན་གྱི་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་བརྟན་པོ་ཡིན་པ་དང་།“ཟུང་འཁྱགས་སྒུལ་འཁོར”གྱིས་མཚོ་ཐོག་ཏུ་བསྐྱོད་པའི་སྒུལ་ཤུགས་མགྱོགས་མྱུར་ངང་ཕྱིར་གཏོང་བྱས། ཟླ་སྔོན་མ5ཡི་ནང་། ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར2.6ལ་སླེབས་པ་དེ44.9%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ཁྲོད་ནས་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་གྲང་མོ་ཏུན1812.8ཕྱིར་གཏོང་བྱས་པ་དེ་ལྡབ2.1འཕར། འཁྱགས་པའི་ཉ་དང་འཁྱགས་པའི་ཉ་ལེབ་སོགས་ཆུ་གྲང་ཉ་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཏུན2344.7ཕྱིར་གཏོང་བྱས་པ་དེ་ལྡབ1.3འཕར་ཡོད།

ཕྱི་ཕྱོགས་ཚོང་དོན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། མཚོ་ནུབ་དང་། མཚོ་ལྷོ། མཚོ་བྱང་བཅས་ཁུལ་གསུམ་གྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་ལས་ཆེས་ཆེར་བརྒལ་ཡོད། ཟླ་སྔོན་མ5ཡི་ནང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་སྤེལ། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར24ཡིན་པ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི80.5%ཟིན་ཡོད། དུས་མཚུངས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ལ་སླེབས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར1.7ལ་སླེབས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི811བཅས་ལ་སླེབས་པ་དེ་སོ་སོ159.2%དང་། 125.2%། ལྡབ13.9བཅས་ཟིན་ནས་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཆུ་ཚད་ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།