ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་མཇལ་མོལ་གནང་བ་རེད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་ཡོད། འདི་ནི་རི་ཆུ་འབྲེལ་བའི་ས་བབ་ཀྱི་བཟང་ཆ་དང་མི་རབས་ནས་མི་རབས་བར་གྱི་མཛའ་བཤེས་ཀྱི་ལོ་རྒྱུས་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན་ལ། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རེ་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ང་ཚོ་ཐུན་མོང་གི་འཆར་འགོད་འོག ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་སྤུས་ཚད་སྔར་བས་ལེགས་སུ་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། དངོས་བདེན་དང་དམངས་འཚོར་ཕན་པའི་གྲུབ་འབྲས་རྒྱུན་མཐུད་ངང་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐོབ་ཚོར་ནུས་ལྡན་ངང་ཆེ་རུ་བཏང་ཡོད་ཅེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད་པ་དང་། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་སྲ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་དྲང་ནུས་ལ་བརྟེན་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀ་རང་སོ་སོའི་འཕེལ་རྒྱས་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། རྒྱལ་ཁབ་གཉིས་པོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཀྱིས་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་དུས་བབ་ཁྲོད་ཕན་ཚུན་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་བྱེད་པ་བཅས་ཀྱི་ཐོག་ནས། འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ཁྲོད་དུ་ཕན་ཚུན་ལ་རམས་འདེགས་ནུས་ལྡན་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་མ་འཇོག ནུས་རྒྱུ་སོགས་སྲོལ་རྒྱུན་མཉམ་ལས་ཀྱི་བཟང་ཆ་སྲ་བརྟན་དུ་གཏོང་བ། རྒྱལ་མཚམས་བསྒྲོལ་བའི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་དང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མཐོ་གསར་ལག་རྩལ་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། འབྱུང་འཕྲོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཆ་ཕྱོགས་ཡོངས་ཀྱི་བདེ་འཇགས་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་སྤེལ་རེས་རྒྱ་ཆེར་གཏོང་བ། ཐུན་མོང་ཐོག་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་བ། འཕྲལ་སྒྲུབ་དོ་དམ་དང་གནོད་འགོག་གནོད་སེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། བཞི་ནས་སྣ་མང་ཅན་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོ”ཡག་པོ་གཉེར་བ། གཞོན་ནུ་དང་སྨྱན་སྦྱོར། རིག་མཛོད། ས་གནས་བཅས་ཀྱིས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་སུ་ཐོན་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཧ་སག་སི་ཐན་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་དར་ཆ་གསལ་བཏོན་གྱིས་སྲུང་སྐྱོབ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱིས་སྐབས་གཉིས་པའི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ཆེད་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ལེའུ་གསར་པ་འབྲི་ཐུབ་རྒྱུའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོས་ཁོངས་གཏོགས་རྒྱལ་ཁབ་ཁག་དང་མཉམ་དུ་ད་ལོའི་ཐེན་ཅིན་དབུ་ཚོགས་གོ་སྐབས་སུ་བཟུང་སྟེ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱ་སྟོབས་ཆེ་རུ་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ། རྣམ་པ་གསར་པ་བཅས་མངོན་པར་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད། 

ཐུའོ་ཁ་ཡེ་ཧྥུའུ་ཡིས། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་དང་། གྲོགས་པོ་བཟང་པོ། བློས་འགེལ་ཆོག་པའི་རོགས་ཟླ་བཅས་ཡིན། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྫོགས་ལྡན་གྱི་དུས་རབས་གསར་པར་སླེབས་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་རམ་འདེགས་ཐུབ་ཅིང་། ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མིག་དཔེར་བརྗོད་ཆོག ཧ་སག་སི་ཐན་དང་ཀྲུང་གོ་གཉིས་ཀར་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འདོད་འདུན་ཆེན་པོ་ཡོད་པས། བདག་དབང་དང་བདེ་འཇགས་སོགས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་ཤུགས་རྐྱེན་ཐེབས་ཀྱི་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་དང་། ཧ་སག་སི་ཐན་ཕྱོགས་ནས་དོན་དེར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོར་གོང་འཕེལ་གྱི་གྲུབ་འབྲས་སྔར་ལས་ཆེ་བ་ཟམ་མི་ཆད་པར་ཐོབ་རྒྱུའི་ཡིད་ཆེས་ཀྱང་བརྟན་པོ་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་ཆ་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཆུ་ཚད་གསར་པ་ཞིག་གི་ཐོག་རིམ་སྤོར་བྱ་འདོད་ཡོད། རྒྱལ་ཁབ་གཉིས་པོས་ཆུ་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས་ཤིང་། ཉོ་ཚོང་དང་མ་འཇོག བཟོ་ལས། ཞིང་ལས། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས་པ་དང་། རིག་གནས་དང་སློབ་གསོ། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུར་འགན་འཁུར་བ་དང་དེའི་ཐད་འབད་བརྩོན་བྱེད་པར་ཧ་སག་སི་ཐན་ཕྱོགས་ནས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་པ་དང་དེར་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྒྲིག་གཞི།  ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་མུ་མཐུད་ནས་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་ཉིད་སྔར་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་པོས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་10ལྷག་བརྗེ་རེས་བྱེད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད་པ་དང་། དེའི་ནང་ཉོ་ཚོང་དང་། མ་འཇོག ཚན་རྩལ། འགག་སྒོ ཡུལ་སྐོར། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།