ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་པེ་ཅིང་གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་རྟོག་ཞིབ་བྱས། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་དང་པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ཡུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་བཅས་ཀྱིས་བཞུགས་མོལ་བྱས། པེ་ཅིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཞིའུ་ལིན་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིའུ་ཅུན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
དབྱིན་ལི་ཡིས་མཚོ་སྔོན་གྱིས་དུས་ཡུན་རིང་པོར་པེ་ཅིང་གི་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་ནང་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འཆར་འགོད་གཏན་འཁེལ་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་བླངས་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། པེ་ཅིང་གིས་ཐོག་མཐའ་བར་གསུམ་དུ་དེ་ཁག་བགོས་ཀྱི་བྱ་བ་དང་བསྒྲུབ་དགོས་པའི་འགན་འཁྲིར་བརྩི་བཞིན་ཡོད། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་སྒྲིལ་བའི་ལོ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་བའི་འགག་རྩའི་ལོ་ཡིན་པས། པེ་ཅིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགེ་སྒྲུབ་ཚད་གཞི་རྒྱུན་འཁྱོངས་བྱས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན། པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱིས་འབྲེལ་མཐུད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔེ་ལྟའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་འཕེལ་རྒྱས་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ནང་མཉམ་འདྲེས་བྱས་ཏེ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། ལྗང་མདོག་ནུས་ཁུངས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་ལྗང་མདོག་གློག་སྔར་ལས་མང་པོ་པེ་ཅིང་གི་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། པེ་ཅིང་དུ་ཡོད་པའི་ནུས་ཁུངས་ཁེ་ལས་ཀྱིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཐད་དངུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། རིག་གནས་ཡུལ་སྐོར་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་བསྐྲུན་དགོས། མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ཏེ་པེ་ཅིང་གིས་དུས་ཡུན་རིང་པོར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་གང་ཐུབ་བྱེད་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་རྐང་བཙུགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་ཤུགས་གཅིག་སྡུད་བྱས་ཏེ། མཚོ་སྔོན་ལ་དུས་སྐབས་བཟང་པོ་བསུ་བཞིན་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ15རིང་། པེ་ཅིང་གིས་དགེ་སྒྲུབ་ཚད་གཞི་དང་ཡུས་ཧྲུའུ་ཡི་དགོས་མཁོ་མཉམ་འདྲེས་གཏིང་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོའི་བྱ་གཞག་མཐོར་འདེགས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བརྩེ་སེམས་ཆེན་པོས་རོགས་སྐྱོར་བྱས་པས་ཡུས་ཧྲུའུ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འཆར་འགོད་བྱེད་པའི་འགག་རྩའི་དུས་སྐབས་སུ། ང་ཚོས་པེ་ཅིང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་འགན་འཁྲི་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་བྱེད་ཐབས་སློབ་སྦྱོང་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ལས་བྱེད་པ་གསོ་སྦྱོང་དང་ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་ཐད་ནས་མཚོ་སྔོན་དང་པེ་ཅིང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་འབྲི་དགོས།
པེ་ཅིང་དུ་སློབ་སྦྱོང་རྟོག་ཞིབ་བྱེད་པའི་རིང་ལ་རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་རྒྱལ་སའི་ངར་ལྕགས་གླིང་ཁུལ་དང་། རྒྱལ་སའི་ཞིང་ལས་འཛད་སྤྱོད་རོགས་སྐྱོར་མཉམ་སྐྲུན་ལྟེ་གནས། 798·751གླིང་ཁུལ་བཅས་ལ་རྟོག་ཞིབ་བྱས།
པེ་ཅིང་གྲོང་ཁྱེར་གྱི་འགོ་ཁྲིད་ཞཱ་ལིན་མའོ་དང་། ཀྲའོ་ལེ། སུན་ཧྲུའོ་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།