མཚོ་བོད་ལྕགས་ལམ་གྱི་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རྒུ་རུམ་རུ་ཆེན་གྱིས“ལྕགས་ལམ་སྲུང་བ་ནི་ཕ་ཡུལ་གྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་གཉིས་སུ་མ་མཆིས”ཞེས་བརྗོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

    མཚོ་བོད་ལྕགས་ལམ་གྱི་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རྒུ་རུམ་རུ་ཆེན་གྱི་རུ་མི་བསྟན་འཛིན་དབང་འདུས་ཀྱིས་ཁོང་གིས་མཚོ་བོད་ལྕགས་ལམ་ལ་བརྩེ་བ་ཟབ་མོ་འཆང་བཞིན་ཡོད་ཅེས་བཤད།

    ན་ནིང་དབྱར་ཁར། དྲག་ཆར་བབས་པ་ལས་ལྕགས་ལམ་འཁོར་སྐྱོད་ཐད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་བཟོས་ཡོད།

    “བསྟན་འཛིན་ཡིན་ནམ། ཆར་ཤུགས་ཆེན་པོ་ལས་འབྲོག་མ་གྲོང་ཚོའི་ལྕགས་ལམ་གྱི་ར་སྐྱོར་ཚང་མ་འཁྱེར་འདུག་པས་ང་ཚོ་མགྱོགས་མྱུར་ལྡོག་ཐོན་བྱེད་དགོས་འདུག”ཅེས་མཚན་མོའི་ཆུ་ཚོད་11ཙམ་དུ་བསྟན་འཛིན་དབང་འདུས་ལ་ཁ་པར་འབྱོར།

    “ཤེས་སོང་། མགྱོགས་མྱུར་ཐོན་གྱི་ཡིན”བསྟན་འཛིན་དབང་འདུས་ཀྱིས་ལས་རོགས་བློ་བཟང་ཚུལ་ཁྲིམས་དང་མཉམ་དུ་སྒྲིག་ཆས་འཁྱེར་ནས་གནོད་འཚེ་ཐོན་ཡུལ་དུ་མགྱོགས་མྱུར་སྐྱོད། གློ་བུར་དུ་དྲག་ཆར་བབས་པའི་དབང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་ཉེ་འགྲམ་གྱི་ཆུ་ཁ་གློ་བུར་དུ་རྒྱས་ནས་ར་སྐྱོར་འཁྱེར་བ་མ་ཟད། ཆུ་བོས་ལྕགས་ལམ་གྱི་ལམ་གཞི་བསྣུབས་ཉེར་ཡོད་པ་རེད།

    རུ་མི་ཚོས་བྱེ་ཁུག་རེ་རེ་བཞིན་རླངས་འཁོར་ནས་ཕབ་སྟེ་ཆུ་རགས་བརྟན་དུ་བཏང་ཞིང་། མཚན་གང་འབད་བརྩོན་བྱས་པ་བརྒྱུད། ཆུ་རགས་དེ་བརྟན་དུ་བཏང་ཐུབ་ཡོད། ཆུ་ཚོད་7ལྷག་ཙམ་རིང་མྱུར་བཟོ་བྱས་པ་བརྒྱུད། ཞོགས་པའི་ཆུ་ཚོད་6ལྷག་ཙམ་ལ་ཉེན་ཁ་སྤྱིར་ན་སེལ་ཐུབ་མོད། འོན་ཀྱང་རུ་མི་ཚོས་ལྷོད་གཡེང་གཏན་ནས་གཏོང་མི་ཕོད་པར་ཁོ་ཚོས་ཚོགས་ཆུང་འགའ་ཤས་བགོས་ཏེ་མུ་མཐུད་ལྟ་སྲུང་བྱས་པ་དང་ཆུ་བོ་ཆུང་དུ་ཕྱིན་རྗེས་ཁོང་ཚོའི་སེམས་པ་གཞི་ནས་ལྷོད་ལ་བབས།

     2006ལོར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དང་ལྕགས་ལམ་གྱི་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རུ་མི་བསྡུ་འགོ་བརྩམས། དེ་ནི་ལྕགས་ལམ་བོད་དུ་བསྐྲུན་ཐེངས་དང་པོ་རེད།

    སྐབས་དེ་དུས་སྲིད་གཞུང་གི་ལས་དོན་པས་དཔུང་རྟགས་དམར་པོ་གསར་རྐྱང་ཞིག་བསྟན་འཛིན་དབང་འདུས་ལ་སྤྲད་རྗེས་ཁོང་གིས་འགན་འཁྲི་ལྕི་པོ་ཡོད་པའི་དཔུང་རྟགས་དེ་དཔུང་པར་བཏགས།

    ལས་ཀའི་ཁྲོད་བསྟན་འཛིན་དབང་འདུས་ཀྱིས་མེ་འཁོར་ལས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བའི་བདེན་དཔང་བྱེད་ཐུབ། ཁོང་ཚོ་གནས་སའི་དོ་དམ་དུམ་བུའི་ཉེ་སར་ལྷ་ས་ནུབ་ཚུགས་ཡོད་པ་དང་ཟོག་འདྲེན་ས་ཚིགས་དཀྱུས་མ་དེ་རིམ་བཞིན་ཟོག་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ་2པའི་བར་མཚོ་བོད་ལྕགས་ལམ་གྱིས་དངོས་ཟོག་ཏུན་ཁྲི་9256.3བོད་ནས་གཏོང་འདྲེན་བྱས་ཡོད་པ་དང་། མེ་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་སྦྱིན་ཡོད། སྟོད་ལུང་བདེ་ཆེན་ཆུས་སུ་ལྕགས་ལམ་སྐྱེལ་འདྲེན་ལ་དམིགས་ནས་དངོས་ཟོག་འདོན་འཇུག་དབོར་འདྲེན་དང་ཟོག་འགྲེམས་འགྲིམ་འགྲུལ་སོགས་ལེ་ལག་ཚང་བའི་ཞབས་ཞུའི་ལས་རིགས་རབ་དང་རིམ་པ་ཐོན་ཏེ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་མང་པོ་བསྡུས་ཡོད།

    གྲོང་ཁྱེར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བསྟན་འཛིན་དབང་འདུས་ཀྱི་ལས་ཀར་ཡང་གནས་ཚུལ་གསར་པ་འཕྲད་ཡོད། ལྕགས་ལམ་རིམ་བཞིན་གྲོང་ཁྱེར་དང་གྲོང་རྡལ་དུ་ཁྱབ་པ་དང་སྒོ་རྩར་ལས་ཀ་བྱེད་མཁན་མང་ཚོགས་དང་འགྲོ་འོང་བྱེད་མཁན་རླངས་འཁོར་ཆུང་ཆུང་སོགས་ལས་ལམ་སྲུང་རུ་མི་ཚོའི་ལས་ཀ་རྙོག་འཛིང་ཆེ་རུ་ཕྱིན་ཡོད།

     ལས་འགན་སྒྲུབ་རིམ་བཞིན་མེ་འཁོར་མདུན་ནས་སྐྱོད་སྐབས་བསྟན་འཛིན་དབང་འདུས་ཀྱིས་རྟག་ཏུ་ཀྲོང་ངེར་ལངས་ནས་གུས་འདུད་ཞུས་ཏེ་རང་ཉིད་ཀྱིས་མེ་འཁོར་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད། ལྕགས་ལམ་འདིས་ཡུལ་སྐོར་བ་དང་དངོས་ཟོག་དབོར་བ་མ་ཟད། ད་དུང་ཕ་ཡུལ་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་གྱི་ཡོད་པ་ཁོང་གིས་ཤེས་ཀྱི་ཡོད། “ལྕགས་ལམ་སྲུང་བ་ནི་ཕ་ཡུལ་གྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་གཉིས་སུ་མ་མཆིས”ལོ་བཅུ་ལྷག་ཙམ་རིང་ཁོང་གིས་རང་ཉིད་ཀྱི་འགན་འཁྲིར་སྔར་བས་གཅེས་འཛིན་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།