བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

    བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གངས་ལྗོངས་ས་མཐོའི་རིག་གནས་ཀྱིས་ཕྱུག་པའི་ནོར་མཛོད་སྟེ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དེས་མི་རྣམས་ལ་ངོ་མཚར་ཆེ་བའི་རིག་གནས་ཀྱི་གཏམ་རྒྱུད་བརྗོད་བཞིན་མཆིས།

    དངོས་སུ་སྤྱོད་འགོ་ཚུགས་ནས་ལོ་གཅིག་ལྷག་ཙམ་སོང་བའི་རྟེན་མཛོད་ཁང་དེ་ནི་བོད་ཡུལ་གྱི་རིག་གནས་འགྲེམས་སྟོན་ཁང་ཞིག་ཡིན་པ་མ་ཟད། བོད་བཟོའི་བཟོ་བཀོད་དང་དེང་རབས་ཇུས་འགོད་མཉམ་འདྲེས་ཀྱི་སྐྲུན་དངོས་ཤིག་དེ་བས་ཀྱང་ཡིན། བོད་ལྗོངས་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་གཞི་རྒྱུ་ལས་བཟོ་སྐྲུན་གྱི་ཇུས་འགོད་ཐད་ཕུན་སུམ་ཚོགས་པའི་འཆར་སྣང་སྦྱིན་ནས་དེར་2024ལོའི་ཨེ་ཤེ་ཡའི་བཟོ་སྐྲུན་པའི་མཐུན་ཚོགས་ཀྱི་བཟོ་སྐྲུན་བྱ་དགའི་གསེར་གྱི་བྱ་དགའ་ཐོབ་ཡོད།

    འགྲེམས་ཁང་མདུན་གྱི་ཇུས་འགོད་ནི་ཕོ་བྲང་པོ་ཏ་ལའི་རྐང་ལམ་གྱི་དབྱིབས་ལས་འབྱུང་བ་དང་འདི་ཉིད་ལྟད་མོ་བའི་ཡུལ་དུས་འགྲིམ་ལམ་ལྟ་བུར་སྣང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་འདུ་ཁང་གི་བཟོ་ལྟ་རུ་བྱས་པའི་རྟེན་མཛོད་ཁང་གི་སྐྲུན་དངོས་ཨ་མ་ནི་ཁམས་གཙང་བའི་གྱང་དཀར་པོ་དང་། ཐིག་རིས་ནག་པོ། ཚོན་ཁྲ་ཅན་གྱི་རྒྱན་སྤྲོས་བཅས་བྱས་པ་ལས་བོད་བཟོའི་ཐུན་མིན་གྱི་ཁྱད་ཆོས་དང་དེང་རབས་ཀྱི་མཛེས་པ་ཡོངས་སུ་མངོན་ཡོད།

    འགྲེམས་ཁང་ནང་ཆེད་མངགས་ལྗོངས་གཟིགས་སྟེགས་བུ་བཙུགས་ཡོད་ཅིང་། ཤེལ་གྱི་སྒེའུ་ཁུང་ཆེན་པོ་དེ་ནི་རི་མོའི་སྒྲོམ་ལྟར་ཡངས་ཤིང་ཉམས་སྣང་གིས་ཕྱུག་པའི་བར་སྟོང་ཞིག་བཏོད་ཡོད། ལྟད་མོ་བ་ཚོས་དེ་ག་ནས་ལྷ་སའི་ལུང་གཞུང་དང་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱས་ཏེ་ས་མཐོའི་རིག་གནས་ཀྱི་མཛེས་པར་མྱོང་རོལ་བྱེད་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།