མཚོ་སྔོན་གྱིས"བྱང་གསུམ"བཟོ་འགོད་ཀྱི་འཛུགས་སྐྲུན་ལ་ནན་ཏིག་སྒོས་སྐུལ་འདེད་བཏང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི"བྱང་གསུམ"བཟོ་འགོད་ཀྱི་འགག་སྒྲོལ་བྱ་བའི་ཡུལ་དངོས་ལྟ་ཞིབ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་དུ་འཚོགས་པ་དང་། ལྟ་ཞིབ་ཚོགས་འདུས་འོད་ཤུགས་བྱེ་བཅོས་དང་རྒྱུ་ཆ་གསར་པའི་བྱེ་བརྟན་ལས་གཞིར་དམིགས་ཏེ། ཡུལ་དངོས་རྟོག་ཞིབ་དང་སྤེལ་རེས་གྲོས་བསྡུར་སོགས་བྱ་ཐབས་བརྒྱུད་དེ། མཚོ་སྔོན་བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་བཟང་པོ་དང་ལག་རྩལ་གསར་པ་འཚོལ་ཞིབ་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས"2+1+12+N"ཡི་བྱེ་འགོག་བྱེ་བཅོས་མ་ལག་བཙུགས་པ་དང་། ཚྭ་འདམ་གཞུང་གི་གཤོང་སའི་བྱེ་ཐང་མཐའ་འགྲམ་འགོག་རྒོལ་ཁུལ་དང་གུང་ཧོ་གཤོང་ས་བྱེ་ས་རྩ་མེད་འགག་སྒྲོལ་ཁུལ་གྱི་ལྟེ་བའི་འགག་སྒྲོལ་ཁུལ་གཉིས་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་བྱེ་ས་ཕྱོགས་བསྡུས་བཅོས་སྐྱོང་ཁུལ་གྱི་མཐུན་སྦྱོར་སྐུལ་འདེད་ཁུལ་གཅིག འགོག་རྒོལ་ས་ཚིགས12བཅས་སུ་དབྱེ་ཡོད་ཅིང་། བྱེ་སའི་གནོད་སྐྱོན་དང་ཆུ་སྐྱོན་དང་། རྩྭ་ཐང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་གནད་ལ་འཁེལ་བའི་བཅོས་སྐྱོང་སྤེལ།

2024ལོར། མཚོ་སྔོན་གྱི"བྱང་གསུམ"བཟོ་འགོད་ཀྱིས་རྣམ་གྲངས27ལག་བསྟར་བྱས་ཏེ་བསྡོམས་པས་མུའུ་ཁྲི1454.21ལེགས་འགྲུབ་བྱས་པ་དང་། ལས་འགན་ལེགས་འགྲུབ་བྱུང་ཚད65.12%ལ་སླེབས་ཡོད། 2025ལོར་འཆར་འགོད་བྱས་པའི་རྣམ་གྲངས31ཁྲོད་རྣམ་གྲངས18ལ་རྒྱལ་ཁབ་ཀྱི་མཆན་ལན་ཐོབ་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར20.5བཏང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།