ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17ཉིན། རྒྱལ་དོན་ཨུ་ཡོན་ནམ་རྒྱལ་ཡོངས་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧྲིན་དབྱི་ཆིན་གྱིས་པེ་ཅིན་གྲོང་ཁྱེར་དུ་གཉིས་བཀུར་བྱ་བར་རྟོག་ཞིབ་བྱས། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང)ལ་མིང་འདོགས་པའི་ཚོགས་ཆེན་གྱི་བླང་བྱ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། གསར་གཏོད་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཧུར་ཐག་གིས་འགན་འཁུར་ཏེ། བྲག་རྡོ་ལྟ་བུའི་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཏང་ཀྲུང་དབྱང་གི་གཉིས་བཀུར་བྱ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།
ཧྲིན་དབྱི་ཆིན་ཞི་ཁྲེང་ཁུལ་ཧྲི་ཁྲ་ཧའེ་ཁྲོམ་གཞུང་དུ་བསྐྱོད་དེ། དམག་དམངས་ཀྱི་གཉིས་བཀུར་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་དང་། “དམག་མི་རྒན་གྲས་ཀྱི་ཁྱིམ་གཞིས”དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ས་ཚིགས་ལ་རྟོག་ཞིབ་བྱས་ནས། དམག་དཔུང་ལ་རོགས་སྐྱོར་བྱེད་པའི་དང་བླངས་པ་དང་གཞི་རིམ་ལས་དོན་མི་སྣ་དང་སྤེལ་རེས་བྱས་ཏེ། པེ་ཅིན་གྲོང་ཁྱེར་གྱིས་དཔེར་འོས་ཚད་གཞི་ལ་བརྟེན་ནས་དམག་དཔུང་གི་དམག་སྦྱོང་དང་དམག་གྲ་སྒྲིག་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་གཉིས་བཀུར་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན། ཁོ་མོས་ནན་གྱིས་བསྟན་དོན། དམག་དཔུང་ལ་བརྩི་བཀུར་བྱས་ནས་ཁྱིམ་མི་ལ་གཟིགས་སྐྱོང་བྱེད་པ་དང་། སྲིད་སྐྱོང་དམངས་བརྩེ་ནི་ང་ཚོའི་ཏང་དང་རང་དམག རང་རྒྱལ་གྱི་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་དང་དམིགས་བསལ་ཀྱི་ཆབ་སྲིད་ལེགས་ཆ་ཡིན་པས། དམག་དཔུང་འཛུགས་སྐྱོང་དང་བཅོས་བསྒྱུར་གྱི་དགོས་མཁོ་དངོས་ལ་དོ་སྣང་བྱས་ཏེ། ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། དཔོན་དམག་གི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་ནས་དམག་དཔུང་ལ་བརྩི་བཀུར་དང་ཁྱིམ་མི་ལ་གཟིགས་སྐྱོང་བྱེད་པའི་བྱ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དམག་མི་དང་དེའི་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས། རྒྱུན་མཐུད་ངང་གཉིས་བཀུར་བྱ་བའི་ནང་རྐྱེན་ལེགས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། གཉིས་བཀུར་སྤྱི་ཚོགས་སྲ་བརྟན་དང་རྒྱ་སྐྱེད་པ། གཞི་རིམ་གྱི་གཉིས་བཀུར་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ། མི་དམངས་ལ་དགའ་བ་དང་དམག་དཔུང་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་དགོས། །