མཚོ་སྔོན་གྱིས་བྱེད་ཐབས་བཏོན་ནས་ཉེན་ཆེའི་གད་སྙིགས་ཀྱི་ཁོར་ཡུག་ལ་དོ་དམ་མེད་པའི་སྟོང་ཆ་གསབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་དང་མཉམ་དུ《ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་ཀྱི་ཁོར་ཡུག་དོ་དམ་ལ་སྔར་བས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་རང་ཞིང་གྱི་ཉེན་ཆེའི་གད་སྙིགས་ཀྱི་ཁོར་ཡུག་ལ་དོ་དམ་མེད་པའི་སྟོང་ཆ་གསབ།

འབྱུང་ཁུངས་ནས་གྲངས་ཚད་ཇེ་ཉུང་དུ་གཏོང་པར་མཐོང་ཆེན་བྱ་རྒྱུ་སྟེ། ཆ་རྐྱེན་ཡོད་པའི་ཚོད་ལྟ་ཁང་དུ་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་འཛུགས་པར་སྐུལ་ལྕག་བྱས་ཏེ། རྫས་འགྱུར་དངོས་རྫས་ཉོ་སྒྲུབ་དང་། བཀོལ་སྤྱོད། ཕྱིར་བསྡུ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་ཚན་རིག་དང་མཐུན་པས་དོ་དམ་མངོན་འགྱུར་བྱ་བ་དང་། ཚོད་ལྟའི་ཚོད་རྫས་ཟད་གྲོན་དང་རྫས་འགྱུར་དངོས་རྫས་ཆུད་ཟོས་ཇེ་ཉུང་དུ་བཏང་ནས་ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་ཚད“ཉུང་གཏོང་དང་། ཐོན་ཁུངས་ཅན། གནོད་མེད་ཅན”གྱི་དོ་དམ་བྱེད་ཐབས་གཏན་འབེབས་དང་ལག་བསྟར་དང་། ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་ཀྱི་ཐོན་སྐྱེད་བྱེད་ཚད་འབྱུང་རྩ་ནས་ཇེ་ཉུང་དུ་གཏང་བ་སོགས་ཚོད་ལྟའི་བྱ་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏང་རྒྱུ་རེད། 

བརྒྱུད་རིམ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་རྒྱུ་སྟེ། ཚོད་ལྟ་ཁང་གིས་ཉེན་ཆེའི་ཐད་སྙིགས་རིགས་དབྱེ་ནན་པོ་བྱེད་པ་དང་། འབྲེལ་ཡོད་ཚད་གཞི་ལྟར་ཉེན་ཆེའི་གད་སྙིགས་རིགས་དབྱེ་བསྡུ་རུབ་ལེགས་པོ་བྱེད་པ།“འགོག་སྲུང་གསུམ་”གྱི་བླང་བྱ་དང་མཐུན་པའི་ཉེན་ཆེའི་གད་སྙིགས་གསོག་ཉར་བྱེད་གནས་ཚད་ལྡན་འཛུགས་པ། ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་བསྡུ་རུབ་གསོག་ཉར་ལ་དོ་དམ་ལེགས་པོ་བཅས་བྱས་ཐོག   དོ་དམ་རྩིས་ཐོ་བཙུགས་ནས་ཉེན་ཆེའི་གད་སྙིགས་ཐོན་སྐྱེད་བྱེད་པ་དང་། གསོག་ཉར་བྱེད་པ། ཐག་གཅོད་བྱེད་པའི་གནས་ཚུལ་དངོས་ཇི་བཞིན་ཐོ་འགོད་བྱེད་དགོས་པ་མ་ཟད། དོ་དམ་འཆར་གཞི་དྲ་ཐོག་ཏུ་ཐོ་འགོད་དང་ཉེན་ཆེའི་གད་སྙིགས་སྤོ་སྒྱུར་གྱི་གློག་རྡུལ་སྦྲེལ་འཛིན་སོགས་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཁོར་ཡུག་གི་མི་མངོན་པའི་ཉེན་ཁ་རྩ་བ་ནས་མེད་པར་བཟོ་རྒྱུ།

ཚོད་ལྟ་ཁང་གིས་ངེས་པར་དུ་འབྲེལ་ཡོད་ཐོབ་ཐང་ལྡན་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ནས་ཉེན་ཆེའི་གད་སྙིགས་དུས་བཀག་ལྟར་ཐག་གཅོད་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་སྤོ་སྒྱུར་དང་ཐག་གཅོད་བྱེད་པར་གཏན་འགོག་བྱེད་དགོས། ཐག་གཅོད་ལས་ཁུངས་ཀྱིས་ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་ཐོན་ཁུངས་ཅན་དུ་སྤྱོད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྔོན་ལ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་དགོས། དུས་མཚུངས་སུ་སྲིད་གཞུང་གིས་ཉོ་སྒྲུབ་དང་གཅིག་བསྡུས་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་གཅིག་གྱུར་གྱིས་བསྡུ་འདྲེན་ཐག་གཅོད་ལས་དོན་སྤེལ་བར་སྐུལ་མ་གཏོང་བ་དང་། ཚོད་ལྟ་ཁང་གི་ཉེན་ཆེའི་གད་སྙིགས་ཐག་གཅོད་བྱེད་སྟངས་སྔར་བས་ཇེ་ལེགས་སུ་བཏང་ནས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱ་དགོས།

དུས་མཇུག་གི་ཁོར་ཡུག་དོ་དམ་ལས་དོན་ཁྲོད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཚོད་ལྟ་ཁང་གི་ཉེན་ཆེའི་སྙིགས་དངོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དོ་དམ་གྱི་མཉམ་ཤུགས་ཆགས་སུ་བཅུག་ནས་ ཞིང་ཆེན་གྱི་ཉེན་ཆེའི་གད་སྙིགས་ཀྱི་ཁོར་ཡུག་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུའོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།