བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས《ཤེལ་གོང་ཤེལ་ཕྲེང》ཞེས་པ་ཀྲུང་གོའི་ཡིག་ཚགས་ཡིག་ཚང་ཤུལ་བཞག་གི་མིང་གཞུང་དུ་བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས《ཀྲུང་གོའི་ཡིག་ཚགས་ཡིག་ཚང་ཤུལ་བཞག་གི་མིང་གཞུང》སྐོར་ཁག་དྲུག་པ་ཁྱབ་སྒྲོག་བྱས་ཤིང་། དེའི་ནང་རྒྱལ་ཡོངས་ཀྱི་ཡིག་ཚགས་ཡིག་ཚང་ཁག52བདམས་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་གཙོ་སྐྱོང་ཐོག་སྙན་ཞུ་ཕུལ་བའི《ཤེལ་གོང་ཤེལ་ཕྲེང》ཞེས་པའི་བོད་ཀྱི་གསོ་རིག་བསྟན་བཅོས་དེ་ཚུད་འདུག

 

《ཤེལ་གོང་ཤེལ་ཕྲེང》ནི་བོད་ཀྱི་གསོ་རིག་བསྟན་བཅོས་གྲགས་ཅན་ཡིན་པའི་ཆ་ནས་སྨན་རྫས་རིག་པའི་ཤེས་བྱ་ཕུན་སུམ་ཚོགས་ཤིང་།   རིག་པའི་གཞུང་ལུགས་ཀྱི་ལྟ་བ་ཁྱད་དུ་འཕགས་པ།  ལོ་རྒྱུས་ཐོག་ཤུགས་རྐྱེན་ཧ་ཅང་ཟབ་པ་ཞིག་ཡིན་པས།   བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་མ་ལག་དང་སྨན་རྫས་རིག་པ་གོང་དུ་འཕེལ་བའི་གོ་རིམ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ལ།   བོད་ཀྱི་གསོ་རིག་རིག་གནས་རྒྱུད་འཛིན་ཀྱི་གཞི་རྟེན་ཡིན་པ་སོགས་བོད་གསོ་རིག་གི་ཡིག་ཚང་མ་ལག་ཁྲོད་ཚབ་བྱེད་མི་ནུས་པའི་གོ་གནས་གལ་ཆེན་ཟིན་ཡོད། 

《ཤེལ་གོང་ཤེལ་ཕྲེང》དེ《ཀྲུང་གོའི་ཡིག་ཚགས་ཡིག་ཚང་ཤུལ་བཞག་གི་མིང་གཞུང》སྐོར་ཁག་དྲུག་པར་བདམས་པ་དེ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བོད་ཀྱི་གསོ་རིག་སྨན་རྫས་ཀྱི་ཡིག་ཚང་ཞིབ་འཇུག་དང་བོད་སྨན་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་ཕྱོགས་ལ་མཚོན་ན་ཡར་རྒྱས་ཆེན་པོ་ཞིག་ཡིན་པ་མ་ཟད།  བསྟན་བཅོས་དེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལ་ཁས་ལེན་དང་དོ་སྣང་ཐོབ་ཚད་རིམ་པ་སྔར་ལས་མཐོ་ཞིང་ཁྱབ་རྒྱ་སྔ་ལས་ཆེ་བ་ཡང་མཚོན།  ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་སྙན་གྲགས་དང་ཤུགས་རྐྱེན་ཆེ་རུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་གསོ་རིག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་སྒུལ་ཤུགས་ཆེན་པོ་བསྩལ་བ་དང་།  བོད་ཀྱི་གསོ་རིག་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་དཔེ་མཚོན་བཟང་པོ་ཞིག་བཏོད་ཐུབ་ཡོད་པས།  སྤྱི་ཚོགས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་སྔར་ལས་མང་པོ་མི་རིགས་གསོ་རིག་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་གཞག་ཁྲོད་འགུགས་པར་རམ་འདེགས་དང་། མི་རིགས་གསོ་རིག་རིག་གནས་ཡར་རྒྱས་གོང་སྤེལ་ཡོང་བར་སྐུལ་འདེད་ཕྱོགས་ལ་དཔེ་སྟོན་རུང་བའི་དོན་སྙིང་གལ་ཆེན་ལྡན་ནོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།