ཉེ་ལམ། 2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པ”ཞེས་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས24བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས24བ་དེ་ཟླ7ཚེས5ཉིན་ལ་ཟི་ལིང་ནས་མགོ་བརྩམ་རྒྱུ་དང་། ཟླ7ཚེས13ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་དུ་མཇུག་སྒྲིལ་རྒྱུ་སྟེ། སྤེལ་ཡུན་ཉིན8ཡིན་པ་དང་། དེར་འགྲན་ཚིགས8བཀོད་སྒྲིག་བརྒྱབ་ཡོད་ཚུལ། འགྲན་སྡུར་སྤྱིའི་རིང་ཚད་ལེ་དབར1400ཡོད་པ་དང་། དེ་ལས་འགྲན་སྡུར་གྱི་ལམ་ཐག་ལ་ལེ་དབར1325ཡོད་ཚུལ་ཁྱབ་སྒྲོག་བྱས། འགྲན་སྡུར་དེས་འཛམ་གླིང་གི་གླིང་ཆེན་བཞིའི་རྒྱལ་ཁབ11གི་དཔུང་སྡེ22དང་། ལུས་རྩལ་པ154བཅས་བསུས་ཡོད་ཅིང་། དེའི་ནང་འཛམ་གླིང་གི་རྩེ་རིམ་གྱི་ལྕགས་རྟ་རུ་ཁག1དང་། ལས་རིགས་ཀྱི་ལྕགས་རྟ་རུ་ཁག8། གླིང་ཆེན་བར་གྱི་ལྕགས་རྟ་རུ་ཁག13བཅས་འདུ།
འགྲན་སྡུར་དེས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་ལ་གཞི་ཚུགས་ཏེ། “ལུས་རྩལ+”ཡི་ལས་རྣམ་གསར་པའི་ཐོན་ལས་འབྲེལ་ཐག་བཟོས་ནས་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་བཅས་མཉམ་འདྲེས་དང་། “འགྲན་སྡུར་དུས་འགྲན་ལ་བསྒྱུར་བ་དང་། ཐོན་ཁུངས་སྒུལ་ནུས་སུ་བསྒྱུར་བ། སྤུས་རྟགས་ཀྱིས་མཉམ་འདྲེས་ལ་སྐུལ་བ”བཅས་ཀྱི་ཐབས་ལམ་ཆེན་པོ་གསུམ་ལག་བསྟར་བརྒྱུད་དེ། ཐོན་ལས“གནས་བཞི”ཡི་ཕྱོགས་བསྡུས་རིན་ཐང་དང་མཚོ་སྔོན་བསྐོར་བའི་ལྕགས་རྟ་འགྲན་སྡུར་གྱི་དུས་རབས་ཀྱི་སྙིང་སྟོབས་ངོམ་སོ། ལུས་རྩལ་གྱི་སྲོལ་བཟང་དར་སྤེལ། ས་ཁོངས་ཀྱི་དར་རྒྱས་ལ་སྐུལ་འདེད་བཅས་གཏང་བའི་རྒྱལ་སྤྱིའི་སྤུས་རྟགས་ཅན་གྱི་འགྲན་སྡུར་ཞིག་ཏུ་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་ཁྱོན་ཡོངས་ནས་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
ད་ཐེངས་ཀྱི་འགྲན་སྡུར་ལ་ངོ་མཚར་བའི་ནང་དོན་མང་པོ་ཡོད་དེ། ཆེད་ལས་ཀྱི་འགྲན་སྡུར་དང་། དུས་འགྲན་གྱི་གྲུབ་སྟངས། སྤྱི་ཡོངས་ཀྱི་ཞབས་ཞུ་ལ་སོགས་ཕྱོགས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་མངོན། གཙོ་བོ་ཆེད་ལས་འགྲན་སྡུར་སྙིང་བོར་བཟུང་སྟེ་སྤུས་ཚད་ཀྱི་རྨང་རྡོ་སྲ་བརྟན་དུ་བཏང་། ཚན་རིག་དང་མཐུན་པོའི་ལམ་ཐིག་ཇུས་འགོད་བརྒྱུད་དེ་བདེ་ལམ་དང་། རི་ལམ་སོགས་ས་གཤིས་མི་འདྲ་བའི་འགྲན་ལམ་གཅིག་ནས་གཅིག་ལ་སྦྲེལ་ཡོད་ཅིང་། ཆ་སྙོམས་ཀྱི་མཚོ་འཕགས་སྨི3000ཡིན་པས། འགྲན་ཞུགས་པར་འགྲན་སྡུར་གྱི་ཁོར་ཡུག་ཧ་ཅང་འགྲན་རྩོད་ཆེ་བ་ཞིག་བཀོད་སྒྲིག་བྱས། གཟེངས་རྟགས་ཀྱི་བཀོད་སྒྲིག་ཕྱོགས་ནས་རྒྱལ་སྤྱིའི་འགྲན་སྲོལ་ལ་བརྩི་སྲུང་བྱས་ཏེ། མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོར(ལྭ་བ་སེར་པོ)དང་། ལ་གཟར་བརྒལ་མཁན་དང་པོར(ལྭ་བ་གོར་ཐིག་ཅན)སོགས་ཆེད་ལས་ཀྱི་བྱ་དགའ་བཀོད་སྒྲིག་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་མཚོན་པར་བྱས་ཡོད། གླིང་ཆེན་ཨེ་ཤ་ཡའི་ལྕགས་རྟ་འགྲན་སྡུར་བ་ཕུལ་བྱུང་ཅན་ལ(ལྭ་བ་སྔོན་པོ)དང་། དེར་གླིང་ཆེན་ཨེ་ཤ་ཡའི་ཐུན་མོང་གི་ཕུལ་བྱུང་བྱ་དགའ་ལ་སོགས་བཀོད་སྒྲིག་བརྒྱབ་ནས་འཛམ་གླིང་གི་ལས་རིགས་ལྕགས་རྟ་འགྲན་སྡུར་པ་མང་པོ་བཀུགས་ནས་རྒྱལ་ཕམ་འགྲན་རྩོད་བྱ་རྒྱུ་རེད།
འགྲན་སྡུར་གྱིས་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་མནའ་འབྲེལ(UCI)ལས་རིགས་མུ་འབྲེལ་འགྲན་སྡུར་གྱི་ཚད་གཞི་དེ་དམིགས་ཚད་ལྟར་གཟབ་ནན་བཟོས་ཏེ། འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབས་དང་། འགྲན་ལམ་འཆར་འགོད་ལ་ཇུས་འགོད་བཟང་པོ། འགྲན་ཞུགས་ཀྱི་རུ་དཔུང་ལེགས་སྒྲིག་ལ་སོགས་གནད་འགག་གི་ཆ་ལ་ཚན་རིག་ཅན་དང་མ་ལག་ཅན་གྱི་སྒོ་ནས་གཅིག་གྱུར་འཆར་འགོད་ཐོག་བཀོད་སྒྲིག་བརྒྱབ། “ལུས་རྩལ་པ་བླ་ན་མཐོ་བ”ཡི་འདུ་ཤེས་བཟུང་སྟེ། འགྲན་སྡུར་གྱི་རིམ་པ་ཡང་རྩེ་ཡི་འགན་སྲུང་མ་ལག་བཟོས་ནས་ལུས་རྩལ་པའི་འགྲན་རྩོད་ཀྱི་བས་མཐའ་ཆོད་པའི་མི་མངོན་ནུས་ཤུགས་སྐུལ་སློང་བ་དང་། འགྲན་སྡུར་གྱི་གཟིགས་མོ་རིན་ཐང་དང་རྩལ་འགྲན་ཆུ་ཚད་ཇེ་མཐོར་བཏང་། དུས་མཚུངས་སུ་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། ཉེན་ཁ་འགོག་ཟོན་ལས་ཀུན་གྱི་གཙིགས་སུ་བཟུང་ནས་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་བཟོ་བ་དང་། ངར་བསྐྱེད་སྨན་རྫས་བཀོལ་བར་བཀག་འགོག་བྱས་ནས་འགྲན་སྡུར་གྱི་སྲོལ་བཟང་དང་སྒྲིག་ལམ་དོ་དམ་བྱེད་ཐབས་ལག་ལེན་མཐའ་འཁྱོལ་བྱས་ནས་འགྲན་སྡུར་འདྲ་མཉམ་དང་དྲང་གཞག བདེ་འཇགས་ཡོང་བ། གོ་རིམ་དང་ལྡན་པར་འགན་ལེན་བྱས་ཡོད།
འགྲན་སྡུར་གྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ལ་གཞི་བཅོལ་ཏེ། 《མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》ལག་ལེན་དོན་འཁྱོལ་དང་། ལས་རིགས་རྩལ་འགྲན་དང་། མང་ཚོགས་ལུས་རྩལ། ན་གཞོན་སྐྱེད་སྲིང་། སྤྱི་དམངས་སྤྲོ་གསེང་ལ་སོགས་ནང་དོན38ཅན་གྱི་འགྲན་སྡུར་བྱེད་སྒོ་འདུ་བའི་ཕྱོགས་ཡོངས་ཚང་བའི་ལྕགས་རྟ་འགྲན་སྡུར་གྱི་མ་ལག་བཙུགས་ནས་དུས་ཐུང་གི་བྱེད་སྒོ་རྒྱུན་ཚུལ་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་དང་། ཕྱོགས་བསྡུས་རིན་ཐང་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏང་རྒྱུ།
“འགྲན་སྡུར་དང་བསྟུན་ནས་ཡུལ་སྐོར་དུ་བསྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཏེ། འགྲན་སྡུར་གྱི་དུས་ཚོད་བཀོད་སྒྲིག་ལ་གཞིགས་ནས་སྐྱེ་ཁམས་ཡུལ་སྐོར་དང་། གཟུགས་འདས་རིག་གནས་ཤུལ་བཞག་ལ་མྱོང་རོལ་སོགས་བཀོད་སྒྲིག་དང་། བརྗོད་དོན་ཅན་གྱི་ལྕགས་རྟ་བྱོན་པ་དང་། ལྗོངས་ཕྱིའི་སྒར་ས་འཛིན་པ་སོགས་སྣ་མང་ཅན་གྱི་ཐོན་རྫས་གསར་སྤེལ། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”མཉམ་འདྲེས་མཉམ་སྤེལ་ལ་སྐུལ་འདེད་བཅས་བཏང་ནས་མཚོ་སྔོན་གྱི་གཅིག་འགྱུར་འཆར་འགོད་ཐོག་སྤེལ་བའི་འགྲན་སྡུར་དམངས་ལ་མཐུན་ཞིང་། རིག་གནས་ཡུལ་སྐོར་དམངས་ལ་ཕན་པ། ཐོན་ལས་མཉམ་འདྲེས་མཉམ་སྤེལ་གྱི་དཔེ་སྟོན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏང་རྒྱུ།
འགྲན་སྡུར་གྱིས་རྒྱལ་སྤྱིའི་མཐོང་རྒྱ་དང་ཀྲུང་གོའི་གཟི་དཔལ། མཚོ་སྔོན་གྱི་ཁྱད་ཆོས་བཅས་མངོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་བཅས་ལ་མ་སྐུལ་རང་རྟོགས་ཀྱིས་ཞུགས་པ་དང་། ས་གནས་ཀྱི་དགེ་མཚན་ལ་སྦྱར་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཡོངས་སུ་ངོམ་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་དགེ་མཚན། ཐོན་ཁུངས་ཀྱི་རིན་ཐང་བཅས་མངོན་རྒྱུ་རེད།
འགྲན་སྡུར་གྱིས་ཕྱོགས་ཡོངས་ནས་སྣ་མང་བྱེད་ནུས་བཏོན་ཏེ་འགྲོ་འོང་འབྲེལ་འདྲིས་བརྗེ་སྤེལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་བྱ་རྒྱུ་མ་ཟད། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་དེ། ཞིང་གྲོང་དར་སྤེལ་ལ་སྐུལ་ཁྲིད་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཐོན་ལས་གོང་སྤེལ་ལ་རམ་འདེགས་བཅས་བྱེད་པའི་གྲུབ་འབྲས་རྣམས་གསོན་ཉམས་དང་བཅས་གསེད་འགྲེལ་བྱས་ནས་འགྲན་སྡུར་གྱི་ཟུར་མི་འདྲ་བའི་རིན་ཐང་རྒྱ་བསྐྱེད་རྒྱུ་རེད།
གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཁ་དོག་སེར་པོ་ཅན་དང་། ལྗང་ཁུ་ཅན། གོར་ཐིག་ཅན། སྔོན་པོ་ཅན་བཅས་ལྭ་བ་བཞི་དངོས་སུ་ཕྱིར་བསྟན་པ་དང་། སོ་སོས་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་དང་། མི་སྒེར་གྱི་མཇུག་མཐའི་གདོང་མཆོང་གི་སྤྱིའི་སྐར་གྲངས་ཨང་དང་པོ། ལ་ངོས་བརྒལ་བའི་སྤྱིའི་སྐར་འབྲས་ཨང་དང་པོ། གླིང་ཆེན་ཨེ་ཤ་ཡའི་ཕུལ་བྱུང་ལྕགས་རྟ་བ་བཅས་མཚོན། དེ་མིན་ཟི་ལིང་གྲོང་ཁྱེར་དང་། ཧོར་གྲོང་རྫོང་། རྐང་ཚ་རྫོང་། རྒྱ་མདོ་རྫོང་། གསེར་ཆེན་རྫོང་། མདོ་ལ་རྫོང་སོགས་ས་གནས7ཐེངས་འདིའི་འགྲན་སྡུར་གྱི་འགན་སྒྲུབ་ས་གནས་ཡིན་པ་ཁྱབ་སྒྲོག་བྱས་པ་མ་ཟད། འགྲན་སྡུར་གྱི་ལམ་ཐིག་ཡང་ཁྱབ་སྒྲོག་བྱས་སོ། །