ཟླ5པའི་ཚེས8ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཁུལ་ཡོངས་ཀྱི་རྫོང་ལྔ་རུ་རོང་འབྲོག་ཁྱིམ་ཚང་སྟོང་ལྔའི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱེད་པའི་བཟོ་སྐྲུན་ཕྱོགས་ཡོངས་ནས་ལས་མགོ་བརྩམས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་སྡོད་ཁང་འགན་སྲུང་གི་རྨང་གཞི་བརྟན་པོ་བཏིངས།
ཟླ5པའི་ཚེས8ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་ཡུལ་ཤུལ་གྱི་མཐོ་སྒང་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། ཡུལ་ཤུལ་ཁུལ་གྱི་ཚན་རྩལ་རིགས་ཀྱི་ཁེ་ལས་དྲུག་བདམས་ཏེ། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམ་ཚོགས་སྐབས་ཉེར་བདུན་པའི་སྟེང་ཡུལ་ཤུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་བཟོ་རྩལ་ཐོན་རྫས་དྲིལ་སྒྲོག་དང་འོས་སྦྱོར་ཕྱིར་འཚོང་བྱས།
ཟླ5ཚེས9ཉིན་བོད་ལྗོངས་ལྷ་སའི་ཤིན་ཧྭ་དཔེ་ཁང་དུ་བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ཀྱི་དེབ་གསར་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། ཁོང་གིས་ལོ་དུ་མའི་རིང་ལ་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་ཡི་གེ་དང་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། ཉེ་རབ་དབུས་གཙང་སྒེར་པའི་ལོ་རྒྱུས་ལ་སོགས་པའི་ཐད་ཞིབ་འཇུག་གནང་བའི་དེབ་གསར་ཀུན་ལ་འོས་སྦྱོར་བྱས་མ་ཟད། ཚོགས་ཞུགས་སྐུ་མགྲོན་དང་ཀློག་པ་པོ་རྣམས་དང་མཁས་དབང་ཁོང་དབར་ས་གནས་ས་ཐོག་ཏུ་ངོ་ཐུག་སྤེལ་རེས་གནང་ནས་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་དང་ཡིད་དབང་འཕྲོག་ཤུགས་ལ་ཐུན་མོང་ཐོག་དཔྱད་བསྡུར་གནང་བ་རེད།
ཟླ5ཚེས10ཉིན། “མཛེས་སྡུག་གི་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་སྡུར་སྐབས་གཉིས་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་འགན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས། འགྲན་སྡུར་དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”བཅས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཐེངས་འདིའི“མཚོ་སྔོན་རིམ་འདས་མཉམ་འབྲེལ་འགྲན་སྡུར”ཟླ5པ་ནས་མགོ་བརྩམས་ཏེ་ཟླ9པར་མཇུག་བསྒྲིལ་རྒྱུ་རེད།
ཟླ5པའི་ཚེས10ཉིན་ནས་བཟུང་། གཉེན་སྒྲིག་ཐོ་འགོད་དེ་རྒྱལ་ཡོངས་ནས་བསྒྲུབ་པ་མངོན་འགྱུར་བྱ་རྒྱུ་རེད། སྲིད་ཇུས་འདི་ཧུར་ཐག་གིས་དང་ལེན་བྱེད་པ་དང་། འབྲེལ་ཡོད་བྱ་བར་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་དོ་དམ་བྱ་བའི་བརྙན་རིས་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་དང་། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གི་གཉེན་སྒྲིག་ཐོ་འགོད་ལས་སྒོའི་འགན་ཁུར་མི་སྣ་དང་ལས་བྱེད་མི་སྣ་དྲ་ལམ་བརྒྱུད་དེ་ཟབ་སྦྱོང་ལ་ཞུགས།
ཟླ5པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཀྲུང་ཁྲིག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་སུན་ཡུང་ཚའེ་སོགས་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ནུས་ཁུངས་གསར་པའི་ཐོན་ལས་འདུ་ཚོགས་འཕེལ་རྒྱས་དང་མཐོ་རིམ་གོ་མཚོན་བཟོ་སྐྲུན། དག་གཙང་ནུས་ཁུངས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཁྲིག་སྡེ་ཚོགས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ། གོ་མཚོན་བཟོ་སྐྲུན་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གྱི་ཁྱད་འཕགས་དགེ་མཚན་དང་ཟུང་འབྲེལ་བྱེད་པ། ཚན་རིག་ཞིབ་འཇུག་དང་གསར་གཏོད་ལ་ཤུགས་སྣོན་པ། ཐོན་ཁུངས་ནང་འདྲེན་བྱེད་པ། རྒྱལ་ནང་གི་རྩེ་གྲས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ། གསར་གཏོད་ཕྲེང་འབྲེལ་དང་སྣེ་འདྲེན་ཁེ་ལས་གསར་སྐྲུན་བཅས་ཐད་ནས་མཉམ་ཕན་མཉམ་རྒྱལ་ཡོང་བའི་རེ་བ་བསྟན།
ཟླ5པའི་ཚེས1ནས་ཚེས2ཉིན་བར། འཛམ་གླིང་རྟ་ཐོག་འཕེན་རྒྱུག་མཐུན་ཚོགས(WHAF)དང་། ཀྲུང་གོ་རྟ་ཐོག་འཕེན་རྒྱུག་མཐུན་ཚོགས(CHAF)། ཨན་ཧུའེ་ཀྲེན་ལུང་རྟ་རྩལ་ཐོན་ལས་དོ་དམ་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་བུམ་པའི་ཨེ་ཤ་ཡའི་འདེམས་སྒྲུག་འགྲན་བསྡུར་དང་འབྲི་ཆུའི་ཟུར་གསུམ་རྒྱུག་འཕེན་འགྲན་བསྡུར་དེ་ཨན་ཧུའེ་ཀོང་ཏེ་གྲོང་ཁྱེར་དུ་གཉེར་བ་རེད། བོད་ལྗོངས་ནས་འདེམ་མངགས་བྱས་པའི་འགྲན་ཞུགས་པ་འཇམ་དབྱངས་སྟོབས་ལྡན་དང་། བསྟན་འཛིན་རྣམ་སྲས། བསྟན་འཛིན་བློ་གྲོས་བཅས་ལུས་རྩལ་པ་གསུམ་གྱིས་ཀྲུང་གོའི་འཐུས་ཚབ་བྱས་ཏེ་འགྲན་བསྡུར་ནང་ཞུགས་པ་དང་། ཁོ་ཚོས་འབེན་གསུམ་དང་འགྱུར་གསུམ། གནམ་མདའ་ས་མདའ་བཅས་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ཁྲོད། ཐུན་མོང་གི་བྱ་དགའ་ཨང་གཉིས་པ་བླངས་ནས་འཛམ་གླིང་བུམ་པའི་རྟིང་རྩོད་ནང་ཚུད།
ཟླ5པའི་ཚེས3ཉིན་བར་དུ། རྒྱལ་ཁབ་ནུས་ཁུངས་སྡེ་ཤོག་མཚོ་སྔོན་ཀུང་ཟིའི་མར་སྟེང་ཆུ་གློག་ས་ཚིགས་ཀྱིས2025ལོའི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཅིག་ལས་བརྒལ་ཡོད་ཅིང་། དེས་མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཁོར་སྐྱོད་རྣམ་པ་བདེ་འཇགས་ཡིན་པ་དང་དཔལ་འབྱོར་ཕན་འབྲས་ཆེ་བ། སྤྱི་ཚོགས་ལ་བྱས་རྗེས་འཇོག་ཚད་ཆེ་བ་བཅས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་མཚོན་པར་མ་ཟད། ས་ཁོངས་ཀྱི་ནུས་ཁུངས་མཁོ་སྤྲོད་དང་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད་པ་ཡང་མཚོན་ཡོད།
ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་སྐུལ་སྤེལ་ཚོགས་ཆེན་སྟེང་རྒྱུས་ལོན་པ་ལྟར་ན། 2025ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁོངས་ས་ཞིང་མུའུ་ཁྲི538.52ལྗང་སྒྱུར་བྱ་རྒྱུ་ཡིན་ཅིང་། དེའི་ཁྲོད་མུའུ་ཁྲི125.92ལ་སྡོང་འཛུགས་ནགས་སྐྲུན་དང་མུའུ་ཁྲི412.6ལ་རྩྭ་འདེབས་ལེགས་བཅོས། མུའུ་ཁྲི392.9ཡི་བྱེ་འགོག་བྱེ་བཅོས་བྱ་རྒྱུ་རེད།
ཟླ5ཚེས13ཉིན་ཨ་མྱེས་རྨ་ཆེན་གྱི་རྨ་ཆུའི་ཆུ་འགོ་གསོ་ཉར་ཁུལ་གྱི་ཚན་རིག་རྟོག་ཞིབ་བྱ་བ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་མགོ་བརྩམས། ཚན་ཞིབ་དེས་ཡུལ་དངོས་རྟོག་ཞིབ་བརྒྱུད་དེ་ཨ་མྱེས་རྨ་ཆེན་གྱི་རྨ་ཆུའི་ཆུ་འགོ་གསོ་ཉར་ཁུལ་གྱི་ཐོན་ཁུངས་མི་འདྲ་བ་སོ་སོའི་གནས་ཚུལ་དང་གནས་སྟངས་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཐད་ལ་མ་ལག་རང་བཞིན་གྱིས་ཐག་གཅོད་ཇུས་གཞི་ཞིག་མཁོ་འདོན་བྱ་འཆར་ཡོད།
ཟླ5ཚེས14ཉིན་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2024ལོ)》 (གཤམ་དུ《སྤྱི་བསྒྲགས》ཞེས་འགོད་རྒྱུ)ཁྱབ་སྒྲོག་བྱས།
ཟླ5ཚེས15ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་དེར་འགོག་ཟོན་བྱེད་པའི་དྲིལ་སྒྲོག་ཉིན་མོ་ཨང16པ་བསུ་བའི་སྔ་ཆར་ལ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྱི་ཚོགས་ལ་དཔལ་འབྱོར་གྱི་ཉེས་གསོག་གྱོད་དཔེ་ལྔ་ཁྱབ་སྒྲོག་བྱས་ཤིང་། དེའི་ནང་གན་རྒྱའི་བསླུ་བྲིད་དང་། ཁྲིམས་འགལ་གྱིས་དབོར་འདྲེན་དངུལ་སྒོར་རྫུན་མ་ཉར་བ། ཡིད་རྟོན་བྱང་བུའི་བསླུ་བྲིད། མ་དངུལ་བསྡུ་རུབ་ཀྱི་བསླུ་བྲིད། མ་དངུལ་གཞན་སྤྱོད་ལ་སོགས་པའི་རིགས་དུ་མ་འདུ།
ཟླ5བའི་ཚེས15ཉིན་བསྒྲགས་པའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བརྗོད་བྱང་ལ།“སྐྱེ་ཁམས་དང་མི་ཆོས། མཉམ་འདྲེས། གསར་གཏོད”ཅེས་བྱ་བའི་2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཚེས19ནས་ཚེས23བར་འཚོག་རྒྱུ་ཡིན་པ་དང་དུས་ཡུན་ཉིན5ཡིན་ཏེ། ཐེངས་འདིའི་དུས་ཆེན་གྱི་བྱེད་སྒོ་ལ་བརྗོད་དོན་བཅུ་དྲུག་འདུས་པ་སོགས་བྱེད་སྒོ་ཕུན་སུམ་ཚོགས་པས། མང་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་རྒྱུ་རེད།
ཟླ5པའི་ཚེས8ཉིན་ནས་ཚེས11ཉིན་བར་ཀྲུང་གོའི་པེ་ཅིན་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་ཉེར་བདུན་པ་པེ་ཅིན་དུ་འཚོགས། སྐབས་འདིའི་ཚན་རྩལ་འགྲེམས་ཚོགས་ཀྱིས“ཚན་རྩལ་གྱིས་སྣེ་ཁྲིད་དེ་འབྱུང་འགྱུར་གསར་གཏོད་དང་ལོངས་སུ་སྤྱོད་པ”བརྗོད་བྱ་གཙོ་བོར་བཟུང་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་ལས་ཁུངས800ལྷག་འགྲེམས་ཚོགས་ལ་ཞུགས་ཡོད། སྐབས་འདིའི་ཚན་རྩལ་འགྲེམས་ཚོགས་སུ་རང་ཞིང་གིས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་དང་ཐོན་རྫས་གསར་ཤོས་འགྲེམས་སྟོན་དང་ངོ་སྤྲོད་བྱས་ཏེ། མཚོ་སྔོན་དང་ཞིང་ཆེན་གཞན་དག་བར་གྱི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་ཕུལ་བྱུང་ཚན་རྩལ་གྱི་གྲུབ་འབྲས་མཚོ་སྔོན་དུ་གཞི་ཚུགས་ནས་ལག་ལེན་བྱ་བར་རྨང་གཞི་བཏིངས།
ཟླ5བའི་ཚེས9ཉིན། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་ཞིབ་འཇུག་སློབ་སྦྱོང་དང་གསོ་སྦྱོང་རྟེན་གཞི་འཛུགས་པར་སྒོ་བྱང་བཀལ་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་དུ་འཚོགས་པ་རེད།
ཟླ5པའི་ཚེས10ཉིན་ནས་བཟུང་བཟོ་བཅོས་བརྒྱབ་ཟིན་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》གསར་པ་དེ་ལག་བསྟར་བྱེད་མགོ་བརྩམས། 《སྲོལ་ཡིག》དེའི་ནང་གཉེན་སྒྲིག་ཁྱིམ་ཚང་གི་ཞབས་ཞུའི་ནང་དོན་ཇེ་མང་དུ་བཏང་བ་དང་། གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་སུ་བསྒྲུབ་པ”ལག་བསྟར། གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ཇེ་ལེགས་སུ་བཏང་བ་བཅས་ནང་དོན་གཙོ་བོ་གསུམ་འདུའོ།།
ཟླ5པའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས 《དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་ཤིང་། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་གསར་གཏོད་འདུ་ཤེས་དང་གསོན་ཉམས་ལྡན་པའི་ལག་ལེན། འཛུགས་སྐྲུན་གྲུབ་འབྲས་བཅས་ཕྱོགས་ལ་ཡོངས་ནས་འགྲེལ་བཤད་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་རྟོགས་དང་མོས་མཐུན་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད་ཡིན།
ཟླ5ཚེས9ཉིན་ལྷ་ས་ལྷོ་ཨེ་ཤེ་ཡའི་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ཐོན་ལས་གླིང་བོད་ལྗོངས་ལྷ་སར་དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་མགོ་བརྩམས་ལ། དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་བྱེད་པའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། ཀྲུང་གོ་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ལ་སྟེགས་བུ་གསར་པ་ཞིག་བཏོན་པ་མཚོན་ནོ། །
ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཟེར)དཔར་འགྲེམ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
ཉེ་ལམ་ཀྲུང་གོའི་ཚན་རིག་གླིང་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གཉིས་ཀྱིས2025ལོའི་ཡོན་ཧྲི་སྣོན་འདེམ་ལས་ཀ་དངོས་སུ་ལས་མགོ་བརྩམས། ཀྲུང་གོའི་ཚན་རིག་གླིང་གི་སྣོན་འདེམ་ལམ་སྟོན་ནང་དུ། དུས་ཡུན་རིང་བོར་ཚན་ཞིབ་ཀྱི་ལས་ཐོག་ཏུ་ཚན་རིག་ཞིབ་འཇུག་ལ་འབད་འཐབ་བྱེད་མཁན་དམིགས་སུ་བཟུང་ནས་འོས་སྦྱོར་བྱས་ཏེ། ‘ཆ་རྐྱེན་བཞི’ཡི་འགག་སྒོ་དང་ཐོབ་ཐང་དང་རྒན་གཞོན་གྱི་རིམ་པ་མཐའ་གཅིག་ཏུ་གཏོར་རྒྱུ་མ་ཟད། འཇོན་མིའི‘ཞྭ་མོ’གཞི་འཛིན་པར་མི་བྱ་བར་རིག་གཞུང་གི་ཁྲིད་སྟོན་གཟེངས་སུ་བཏོད་ནས་ཡོན་ཧྲིའི་དཔུང་སྡེའི“འཇུག་སྒོ” ལ་ནན་མོ་འཛིན་དགོས་པ་གསལ་འབེབས་བྱས་འདུག
ཉེ་ལམ། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《དགེ་རྒན་གྱི་སློབ་གསོ་ནུས་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་ལ་རྩ་འཛུགས་བྱེད་པའི་བརྡ་ཐོ》དཔར་འགྲེམ་བྱས་ཏེ། "ལོ་ལྔའི་འཆར་གཞི་བཅུ་བཞི་པ"ནས"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"བར་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་སློབ་གསོ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བའི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
ཟླ5པའི་ཚེས12ཉིན་ནི་རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་ཐེངས114པ་རེད། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་སྐབས50པའི་ནན་ཏིང་ཀོ་ཨེར་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་ཅིང་། རྒྱལ་ཁབ17ནས་ཡོང་བའི་ནད་གཡོག་ལས་དོན་པ35ལ་ནན་ཏིང་ཀོ་ཨེར་བྱ་དགའ་ཐོབ་པ་རེད། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་དཔྱད་འདེམས་རྩ་འཛུགས་བྱས་ནས་འོས་སྦྱོར་བྱས་པ་བརྒྱུད། རང་རྒྱལ་གྱི་ཕུལ་བྱུང་ནད་གཡོག་ལས་དོན་པ7ལ་གཟི་བརྗིད་མཚན་སྙན་འདི་ཐོབ་པ་ནི་སྐབས་འདིའི་བྱ་དགའ་ཐོབ་པའི་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་རེད།