སངས་རྒྱས་རྒྱ་མཚོའི་སྤྱི་སྤྱོད་རྐང་འཁོར་གྱི་ལས་གཏོད་ལམ་བུ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

—“ང་དང་རྨ་ཆུའི་མགོ་ཁུངས་ཀྱི་ལས་འཕྲོ”ཞེས་པའི་ཕྲེང་བསྟར་གསར་འགྱུར་ལས་ཁག་དང་པོ།

རྨ་སྟོད་རྩྭ་ཐང་དུ་སྔོ་ཞིང་དྭངས་པའི་ནམ་མཁའ་དང་ཡངས་ཤིང་ཆེ་བའི་རྩྭ་ཐང་ཡུག་གཅིག་ཏུ་འབྲེལ་ནས་རྨད་དུ་བྱུང་བའི་རི་མོ་ཞིག་ཏུ་གྲུབ་ཡོད། ཡིན་ཡང་། རྨ་ཆུའི་མགོ་ཁུངས་སུ་གྲགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་ས་བབ་མཐོ་ཞིང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པའི་ཁར། འགྲིམ་འགྲུལ་སྟབས་བདེ་མིན་པའི་དབང་གིས་ས་གནས་ཀྱི་འབྲོག་པ་མང་ཚོགས་འགྲོ་སྐྱོད་བྱེད་པར་དཀའ་ཁག་མང་པོ་བཟོས་ཡོད། ད་ལྟ། ཁྲོམ་གཞུང་དུ་ཚོན་མདོག་རྣམ་པར་བཀྲ་ཞིང་མིག་དབང་འཕྲོག་པར་བྱེད་པའི་སྤྱི་སྤྱོད་རྐང་འཁོར་གྱིས་ས་གནས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད། དེ་དག་ཚང་མ་ནི་ན་གཞོན་ལས་གཏོད་པ་སངས་རྒྱས་རྒྱ་མཚོ་ཁྲེང་ཏུའུ་རུ་སློབ་སྦྱོང་ཐེངས་ཤིག་ཕྱིན་པའི་ངེས་ཤེས་ལས་བྱུང་བར་གྲགས།

གྲོང་ཁྱེར་དུ་སློབ་སྦྱོང་ཐེངས་ཤིག་བྱས་པ་ནས་རྨ་སྟོད་རྩྭ་ཐང་གི་དམངས་ཕན་ལག་ལེན་བར་སངས་རྒྱས་རྒྱ་མཚོས་སྤྱི་སྤྱོད་རྐང་འཁོར་ལ་བརྟེན་ནས་གྲོང་ཁྱེར་དང་འབྲོག་ཁུལ་སྦྲེལ་མཐུད་བྱེད་པའི་ཟམ་པ་ཞིག་བསྐྲུན་པ་དེས་གྲོང་གསེབ་དར་སྤེལ་གཏོང་བར་མཛེས་སྡུག་ལྡན་པའི་ཚོན་མདངས་ཤིག་བསྣན་ཡོད།

ད་ལོ་ལོ་ན34ཡིན་པའི་སངས་རྒྱས་རྒྱ་མཚོ་ནི་རྨ་སྟོད་རྫོང་རྨ་ཆུ་ཞང་མགོ་ལོག་སྡེ་གསར་གྱི་མི་རེད། དམའ་འབྲིང་མཐར་ཕྱིན་རྗེས། སངས་རྒྱས་རྒྱ་མཚོ་ཁྲེང་ཏུའུ་རུ་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་གལ་ཆེན་ཞིག་དང་འཕྲད་པ་རེད། ཐོག་དང་པོར་དར་རྒྱས་ཆེ་བའི་གྲོང་ཁྱེར་ཆེན་པོར་ཐོན་དུས། ཁོའི་མིག་ལམ་དུ་མངོན་ཡོང་བ་ནི་ཐོག་ཁང་མཐོན་པོ་དང་། འགྲོ་འོང་རྒྱུན་ཆད་མེད་པའི་མི་ཚོགས། སྟབས་བདེའི་འགྲིམ་འགྲུལ་བཅས་རེད།ལྷག་པར་ཁྲོམ་གཞུང་གང་སར་མཐོང་ཐུབ་པའི་སྤྱི་སྤྱོད་རྐང་འཁོར་དེར་རྩ་གཉིས་ཨང་བཤེར་བྱས་རྗེས་གང་འདོད་དུ་སྤྱོད་ཆོག་པའི་རྣམ་པ་ལས་ཁོ་ལ་བློ་བསྐྱེད་གསར་པ་ཞིག་བྱུང་།སངས་རྒྱས་རྒྱ་མཚོའི་སེམས་སུ“ཕ་ཡུལ་གྱི་འབྲོག་པ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་ན་ཅི་མ་རུང”སྙམ།

ཐེངས་དེའི་སློབ་སྦྱོང་མཇུག་བསྒྲིལ་རྗེས། སངས་རྒྱས་རྒྱ་མཚོ་ཕྱིར་ཕ་ཡུལ་དུ་ལོག ཁོས་རྨ་སྟོད་རྫོང་གི་ས་ཁོངས་རྒྱ་ཆེ་ཞིང་མི་ཚོགས་ཉུང་བ་དང་། རྒྱུན་པར་འཚོ་བའི་མཁོ་ཆས་ཉོ་རུ་འགྲོ་བར་དུས་ཚོད་མང་པོ་དགོས་པ། དེ་མིན་རྐང་ཐང་དུ་ཕྱིར་སོང་ན་ལས་ཕྱོད་དམའ་བར་མ་ཟད། མ་རྩའང་ཅུང་མཐོ་བ་ཤེས་ཡོད། དེར་བརྟེན་ཁོས་ཕ་ཡུལ་དུ་སྤྱི་སྤྱོད་རྐང་འཁོར་གྱི་ལས་གཞི་ལག་བསྟར་བྱས་ནས་ས་གནས་མང་ཚོགས་འགྲོ་སྐྱོད་ཀྱི་དཀའ་གནད་ཐག་གཅོད་རྒྱུའི་སེམས་ཐག་བཅད་པ་རེད།

བྱ་གཞག་གསར་གཏོད་ཀྱི་ལམ་བུ་ནི་དེ་ལྟ་བུའི་བདེ་བླག་ཅིག་ག་ལ་ཡིན། དང་ཐོག་སངས་རྒྱ་མཚོའི་མདུན་དུ་མ་དངུལ་མི་འདང་བ་དང་འབྲོག་པས་སྤྱི་སྤྱོད་རྐང་འཁོར་ལ་རྒྱུས་ལོན་མི་བྱེད་པ་སོགས་དཀའ་ཁག་མང་པོར་འཕྲད། ཁོ་གཉེན་ཉེ་དང་གྲོགས་པོའི་སར་སོང་ནས་དངུལ་བུན་བླངས་པ་དང་ཆབས་ཅིག་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་པར་ཧུར་ཐག་གིས་བརྩོན་ལེན་བྱས་པ་རེད།

མི་བརྩོན་པ་ཅན་ལ་འབྲས་བུའི་ཁུར་གྱིས་གཏམས་ཞེས་པ་དེ་ཅི་མ་བདེན། 2022ལོར་མ་དངུལ་སྒོར་ཁྲི55བཏང་ནས་ཀྲེ་ཅང་ཞིང་ཆེན་དུ་སྤྱི་སྤྱོད་རྐང་འཁོར60ཉོས་ནས་ཕ་ཡུལ་རྨ་སྟོད་དུ་གཉེར་མགོ་བརྩམས།

རྒྱ་ཆེར་དྲིལ་སྒྲོག་བྱེད་པའི་ཐད་སངས་རྒྱས་རྒྱ་མཚོས་རྔུལ་ཆུ་མང་པོ་བཏོན་པ་རེད། ཁྱིམ་ཚང་རེ་རེ་དང་འབྲོག་པ་རྣམས་ལ་ངང་རྒྱུད་རིང་པོས་སྤྱི་སྤྱོད་རྐང་འཁོར་གྱི་སྤྱོད་ཐབས་དང་ལེགས་ཆ་འགྲེལ་བཤད་བྱས་ཀྱང་། ཕན་མ་ཐོགས་པར་མི་མང་པོ་ཞིག་གི་འཕྱ་དམོད་ཀྱིས་ཁོའི་ཐོག་མའི་འདུན་མར་གནོད་པ་གང་མང་ཐེབས།

ཡིད་ལ་དྲན་ཚད་བསྒྲུབ་མི་རུང་བ་ནི་གནའ་མིའི་གཏམ་དུ་གྲགས་མོད། ཁོའི་ཚེ་གཅིག་གི་སྐྱ་ཡ་དང་ཁྱིམ་མིའི་རྒྱབ་སྐྱོར་ནི་ཁོའི་རྒྱབ་ཕྱོགས་ཀྱི་སྟོབས་ཤུགས་ཡིན།

དཀའ་ཁག་མང་པོ་ཞིག་དང་འཕྲད་རུང་སྤོབས་སེམས་ཉམས་པ་མེད་པའི་ཐད་ནས་ཁ་བརྡ་བྱེད་དུས། “ང་རང་ས་འདི་ནས་སྐྱེས་པ་ཡིན་པས། ཕ་ཡུལ་དུ་བྱས་རྗེས་ཙམ་འཇོག་འདོད་པ་ཞིག་བློ་ལ་སྐྱེས་པ་ནི་ང་དང་རྨ་ཆུའི་མགོ་ཁུངས་ཀྱི་ལས་འཕྲོ་ཡིན”ཞེས་བཤད་བྱུང་། མང་ཚོགས་ཀྱིས་དེ་འདྲའི་རྒྱབ་སྐྱོར་མེད་ནའང་ཁོ་ཉིན་ནས་ཉིན་རེར་རྫོང་མཁར་གྱི་མང་ཚོགས་རེ་རེའི་ཁྱིམ་དུ་འགྲོ་བ་དང་མི་རེ་རེ་བཞིན་དམར་ཁྲིད་བྱས། ཐ་ན་རང་ཉིད་ཀྱི་ཁ་པར་བླངས་ནས་རྩ་གཉིས་ཨང་བཤེར་བྱེད་སྟངས་དང་བཀོལ་སྤྱོད་བྱེད་སྟངས་ཁྲིད་པ་རེད།

སངས་རྒྱས་རྒྱ་མཚོས་རྨ་སྟོད་རྫོང་མཁར་དུ་སྤྱི་སྤྱོད་རྐང་འཁོར་གཏོང་མགོ་ཚུགས་ནས་ལོ3ལས་འགོར་མེད་ནའང་། ལོ་རེར་ཡོང་སྒོ་རྐྱང་པ་སྒོར་ཁྲི20འཚོལ་ཐུབ་ཀྱིན་ཡོད་པའི་གཏམ་དེ་རྨ་ཆུའི་མགོ་ཁུངས་ཀྱི་རྨ་ཕྲ་ལི་གྲོང་རྡལ་དུ་མི་རེ་རེའི་ཁ་ན་རླུང་ལྟར་གྲགས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སངས་རྒྱས་རྒྱ་མཚོའི་སྤྱི་སྤྱོད་རྐང་འཁོར་ལས་གཞི་ལག་བསྟར་བྱེད་ཐུབ་པ་བྱུང་། སྤྱི་སྤྱོད་རྐང་འཁོར་ཚོང་རར་མཁོ་སྤྲོད་བྱེད་ཐུབ་པ་བྱུང་ནས་འབྲོག་པ་རྣམས་ཀྱི་དགའ་བསུ་ཐོབ།

འབྲོག་མི་ནོར་ཚེ་ཡིས་སེམས་འགུལ་ཆེན་པོས་བཤད་རྒྱུར།“སྔོན་ཆད་གྲོང་རྡལ་དུ་དངོས་པོ་ཉོ་རུ་འགྲོ་སྐབས་འཕྲུལ་རྟར་བཞོན་ནས་འགྲོ་དགོས་ལ་སྣུམ་རིན་མཐོ་བ་དང་རླངས་འཁོར་འཇོག་པར་སྟབས་མི་བདེ་བའམ། ཡང་ན་མཁར་གྲོང་སྡེ་དམངས་ཀྱིས་རླངས་འཁོར་བསྐོར་ནས་སོང་ན་དེ་འདྲའི་སྟབས་བདེ་མ་རེད། ད་ལྟ་སྤྱི་སྤྱོད་རྐང་འཁོར་ཡོད་ན་དུས་དང་རྣམ་པ་ཀུན་ཏུ་ཕར་འགྲོ་ཚུར་ཡོང་བྱེད་ཐུབ་པར་མ་ཟད། འགྲོ་གྲོན་ཡང་ཉུང་བས། དངོས་གནས་སྟབས་བདེ་ཞིག་རེད”ཟེར།

དེང་སྐབས་རྨ་སྟོད་རྫོང་གི་ཁྲོམ་གཞུང་དང་། རྨ་ཕྲ་ལི་གྲོང་རྡལ་དུ་སྤྱི་སྤྱོད་རྐང་འཁོར་ནི་དམིགས་བསལ་གྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། རྐང་འཁོར་དེ་དག་གིས་འབྲོག་པ་རྣམས་ཀྱི་རྒྱུན་ལྡན་གྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པར་མ་ཟད། ད་དུང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།འབྲོག་པ་མང་པོ་ཞིག་གིས་སྤྱི་སྤྱོད་རྐང་འཁོར་སྤྱད་དེ་སྟབས་བདེའི་ངང་རྫོང་མཁར་གྱི་མཐའ་འཁོར་དུ་ལས་ཀ་ལས་སུ་འགྲོ་བ་དང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱེད་དུ་འགྲོ་བའི་ཡོ་བྱད་དུ་གྱུར། ཡུལ་འདིར་ཡོང་བའི་འགྲུལ་བ་ཚོས་ཀྱང་རྐང་འཁོར་བཞོན་ནས་རྨ་སྟོད་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་སོགས་མྱོང་རོལ་བྱེད་ཆོག

སངས་རྒྱས་རྒྱ་མཚོའི་གཏམ་རྒྱུད་ནི་ཕུགས་འདུན་དང་རྒྱུན་འཁྱོངས་སྐོར་གྱི་གཏམ་རྒྱུད་ཅིག་ཡིན། ཁོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་གྲོང་ཁྱེར་ཆེན་པོར་སྦྱངས་པའི་སྔོན་ཐོན་གྱི་འདུ་ཤེས་དང་ལྟ་བ་བསམ་གཞིག་བཅས་རྩྭ་ཐང་དུ་ཁྱེར་ཡོང་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

འབྱུང་འགྱུར་གྱི་ལམ་དུ། སངས་རྒྱས་རྒྱ་མཚོས་སྤྱི་སྤྱོད་རྐང་འཁོར་གཏོང་བའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་བཏང་ནས། མང་ཚོགས་སྔར་ལས་མང་པོར་སྟབས་བདེའི་འགྲོ་སྐྱོད་ཞབས་ཞུ་ལོངས་སྤྱོད་དུ་འཇུག་རྩིས་ཡོད། དེ་དང་ཆབས་ཅིག་ཁོས་ད་དུང་སྔར་ལས་མང་བའི་ན་གཞོན་རྣམས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པར་སྐུལ་ཁྲིད་བྱས་ཏེ་རྨ་སྟོད་རྫོང་སྔར་ལས་མཛེས་སྡུག་ལྡན་པར་བསྐྲུན་པའི་ཐད་མཉམ་དུ་བརྩོན་པ་བྱེད་པའི་རེ་བ་བཅངས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།