ཟླ5པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྲ་བརྟན་དང་ཟབ་སྒྱུར་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བརྟན་འཇགས་ངང་ཕྱིར་གཏོང་ཆེད། ཉེ་ལམ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཚོང་དོན་ཐིན་དང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། ནགས་རྩྭ་ཅུའུ་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས་བཅས་དང་མཉམ་འབྲེལ་བྱས་ནས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞང་ཀང་དང་ཨོ་མིན་ལ་ཕྱིར་གཏོང་བའི་མཁོ་འདོན་ཕྲེང་འབྲེལ་མ་ལག་གསར་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས། ལོ་གསུམ་རིང་གི་འབད་འཐབ་བརྒྱུད་དེ། མཁོ་འདོན་ཕྲེང་འབྲེལ་མ་ལག་འཐུས་ཚང་དུ་གཏོང་བ་དང་ཐོན་རྫས་ཀྱི་རིགས་སྣ་དང་མཁོ་འདོན་གཞི་ཁྱོན་རྒྱ་བསྐྱེད་པ་དང་། ཞང་ཀང་དང་ཨོ་མིན་ལ་མཁོ་འདོན་བྱེད་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་རིགས་སྣ་རིམ་བཞིན་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཁག་ཐེག་བྱས་ལ། མཁོ་འདོན་སྤྱིའི་གྲངས་ཚད་བརྟན་ཐོག་ཡར་འཕར་བྱུང་བ་དང་། སྤུས་ལེགས་གོང་བདེ་ཡི་དམིགས་འབེན་མངོན་འགྱུར་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་ཤུགས་བཏོན།
ཇུས་གཞིའི་ནང་ཕྱོགས་དྲུག་གི་ལས་འགན་གཏན་ཁེལ་གསལ་བོ་བྱས་པ་སྟེ། དེའི་ནང་ཞང་ཀང་དང་ཨོ་མིན་གྱི་རྒྱུ་སྤུས་ཚད་གཞིར་དཔེ་ལྟ་བྱས་ནས། རིམ་པ་མང་བའི་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་འདེབས་གསོ་མ་དཔེ་རྒྱ་བསྐྱེད་པ། གཙོ་བོར་ཏུན་ཁྲི་ལྔ་རིམ་པའི་རྟེན་གཞི་གཉིས་དང་ཏུན་ཁྲི་རིམ་པའི་གཞི་ཁྱོན་མི་འདྲ་བའི་ཐོན་སྐྱེད་རྟེན་གཞི་གསུམ་གསར་སྐྲུན་བྱེད་པ། ཚད་གཞི་མཐོ་བའི་ཚོང་གཉེར་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་། ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་སོགས་བྱ་རིམ་ལེགས་སྒྲིག་བྱས་ནས། མཁོ་འདོན་ཕྲེང་འབྲེལ་གྱི་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཚོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནོར་གནག་དང་བོད་ལུག ནས་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁུལ་ཁོངས་སྤྱི་སྤྱོད་ཚོང་རྟགས་སྐྱེད་སྲིང་བྱེད་པ། འཁྱགས་ཕྲེང་དངོས་སྐྱེལ་མ་ལག་འཐུས་ཚང་དུ་བཏང་སྟེ། ཐོན་སྐྱེད་རྟེན་གཞི་ནས་གྲུ་ཁའི་བར་གྱི་བརྒྱུད་རིམ་ཧྲིལ་བོའི་འཁྱགས་ཕྲེང་སྐྱེལ་འདྲེན་ཕྲེང་འབྲེལ་འཛུགས་པ། ཕྲེང་འབྲེལ་ཧྲིལ་བོའི་མཉམ་ལས་ལྟ་སྲུང་རྐྱེན་སྲོལ་འཛུགས་པ་དང་། ཞིང་ལས་གཏོང་རྫས་བཀོལ་སྤྱོད་བྱེད་པར་བཀག་སྡོམ་ནན་མོ་བྱས་ནས། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱེད་པ། དེར་མ་ཟད་འགག་སྒྲོག་ཞབས་ཞུ་ལེགས་བསྒྱུར་བྱས་ཏེ། ཁེ་ལས་ཀྱིས་ཞང་ཀང་ཨོ་མིན་དང་རྒྱལ་སྤྱིའི་ཁས་ལེན་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྟབས་བདེ་ཅན་གྱི་ཕྱིར་གཏོང་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བ་བཅས་འདུ།
དེ་ལས་གཞན། ཇུས་གཞིའི་ནང་ད་དུང་འབྲེལ་ཡོད་ཐོན་སྐྱེད་ལས་སྣོན་དང་ཉོ་ཚོང་རིགས་ཀྱི་ཁེ་ལས་ཀྱི་ཞང་ཀང་དང་ཨོ་མིན་ལ་མཁོ་འདོན་འབྱེད་པའི་ལག་བསྟར་བརྒྱུད་རིམ་གཏན་ཁེལ་བྱས་པ་དང་། མངའ་ཁོངས་བརྒལ་བའི་ཞབས་ཞུ་འགན་སྲུང་རྒྱུན་མ་ཆད་པར་ལེགས་སྒྱུར་བྱེད་པ་བརྒྱུད་དེ། ནུས་ལྡན་བརྟན་འཇགས་ཀྱི་ཞང་ཀང་ཨོ་མིན་ལ་མཁོ་འདོན་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་ཕྲེང་འབྲེལ་མ་ལག་གྲུབ་པར་ཁག་ཐེག་བྱེད་རྒྱུ་རེད།