ཉེ་ཆར།《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས་པ་དང་། དེ་སྔའི་“ལྟ་ཞིབ་བྱ་བའི་གཏན་འབེབས་”དང་བསྡུར་ན། ད་ཐེངས་བཏོན་པའི་《སྲོལ་ཡིག》རིམ་པ་དེ་བས་མཐོ་ལ་དབང་གྲགས་རང་བཞིན་ཡང་སྔར་ལས་ཆེ།
《སྲོལ་ཡིག》ལ་ཁྱོན་བསྡོམས་ས་བཅད་8དང་དོན་ཚན་44ཡོད་ཅིང་། “རྩ་འཛུགས་འགོ་ཁྲིད་དང་སྒྲིག་གཞིའི་འགན་འཁྲི་”“ལྟ་ཞིབ་བྱ་ཡུལ་དང་ནང་དོན་”“བྱ་བའི་གོ་རིམ་དང་རྣམ་པ་” “ལྟ་ཞིབ་བཅོས་སྒྲིག་”སོགས་ཀྱི་ནང་དོན་གཏན་འཁེལ་བྱས་ཡོད། དེའི་ནང་གི་ས་བཅད་དྲུག་པའི་“ལྟ་ཞིབ་གྲུབ་འབྲས་བེད་སྤྱོད་”ནང་དོན་གྱིས་ལྟ་ཞིབ་རྩིས་སྤྲོད་ཀྱི་འགན་འཁྲི་བདའ་འདེད་དང་། བྱ་དགའ་ཆད་གཅོད་དཔྱད་ཞིབ། སྐྱིན་ཚབ་བདའ་འདེད་དང་ཞུ་གཏུག་བགྱི་བ་སོགས་ཀྱི་ནང་དོན་གསལ་འདེབས་བྱས་ཡོད།
སྤྱི་ལོ་2019ལོར་པར་འགྲེམས་བྱས་པའི་《ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་གཏན་འབེབས་》དང་བསྡུར་ན། ད་ཐེངས་བཏོན་པའི་《སྲོལ་ཡིག》འདི། ལྟ་ཞིབ་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཞིག་ཡིན་པའི་ཆ་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
《སྲོལ་ཡིག》གིས་ལོ་10རིང་གི་འཕེལ་རྒྱས་ལས་བྱུང་བའི་ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཕན་འབྲས་ལ་ལྟ་ཞིབ་བྱས་པར་བརྟེན་ནས། སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་སྟངས་སྲ་བརྟན་དུ་བཏང་ཡོད་དེ། དཔེར་ན། འཆར་ཅན་གྱི་ལྟ་ཞིབ་དང་“ཕྱིར་མིག་ལྟ་བ་”ཆེད་དོན་ལྟ་ཞིབ། སྣོད་བཅུད་ཁོར་ཡུག་གི་ཉེན་བརྡའི་གློག་བརྙན་སོགས་ཀྱི་རྣམ་པ་སྤྱད་དེ། ས་གནས་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནན་པོ་ཞིག་ཏུ་གྱུར་ཡོད། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
གཞན་ཡང་། ལོ་བཅུའི་རིང་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་རིམ་རྩིས་བྱས་ན་རེས་སྐོར་ཐེངས་གསུམ་གྱི་ལྟ་ཞིབ་ལས་དོན་སྤེལ་ཞིང་། སྔ་རྗེས་སུ་དཔེ་མཚོན་གྱི་གྱོད་དཔེ་ཁྱོན་323ཡོངས་བསྒྲགས་ངང་དམར་འདོན་བྱས་པ་དང་། སྣོད་བཅུད་ཁོར་ཡུག་ལ་གནོད་པའི་འགན་འཁྲི་བདའ་འདེད་གནད་དོན་ཁྱོན་744ལེགས་སྒྲིག་བྱས་ནས་རྩིས་སྤྲོད་བྱས་ཡོད། ཀན་སུའུ་མདོ་ལྷ་རི་བོའི་སྣོད་བཅུད་ལ་གཏོར་བཤིག་དང་མཚོ་སྔོན་གྱི་མུ་ལི་གཏེར་ཁུལ་ཁྲིམས་འགལ་ངང་སྔོག་འདོན་བྱེད་པ། ཅི་ལིན་ཁྲང་པའེ་རི་བོར་ཀོར་ཧྥུ་སྤོ་ལོའི་ཐང་དང་སྤྲོ་ཁང་ཁྲིམས་འགལ་ངང་བསྐྲུན་པ་སོགས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད།
ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་གཙོ་གནད་དུ་བཟུང་སྟེ། ཐེར་འདོན་བདག་སྤྲོད་དང་། སྤོ་སྒྲུབ། ཞིབ་བཤེར། ལྟ་སྐུལ། འཚམས་འདྲི་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆ་ཚང་བ་ཞིག་བཙུགས་ཡོད་ཅིང་། ལོ་བཅུའི་རིང་རིམ་རྩིས་བྱས་ན་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་སྐོར་གྱི་ཡིག་སྐུར་ཐེར་འདོན་ཡིག་ཆ་ཁྲི་34ལྷག་ཙམ་བདག་སྤྲོད་སྤོ་སྒྲུབ་བྱས་པ་དག་མང་ཆེ་བ་ཐག་གཅོད་བྱས་ཟིན་པའམ་ཡང་ན་དུས་རིམ་རང་བཞིན་ངང་ཐག་གཅོད་བྱེད་སྒང་ཡིན་པ་རེད།