དཔྱིད་ཀྱི་སྒེག་མོ་མཐོ་སྒང་ཡུལ་ལ་དལ་གྱིས་བསླེབས་པའི་སྐབས་སུ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་དམངས་ཀྱི་འཚོ་བའི་བདེ་སྐྱིད་ལས། མཚོ་སྔོན་གསར་བའི་འཕོ་འགྱུར་གླེང་ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་རུ་ཕྱུག་སྡེ་བར་བསླེབས་པ་ན། ག་ས་གང་དུ་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པས་ཁེངས་འདུག ཉེ་བའི་ལོ་འགའི་རིང་ལ། རུ་ཕྱུག་སྡེ་བས་ནན་ཏན་གྱིས་མི་རིགས་མཐུན་སྒྲིལ་ཐད་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཤིང་། གསོན་ཤུགས་རབ་ཏུ་རྒྱས་པའི་རྩྭ་ཐང་ཆེན་མོ་འདིར་མི་རིགས་སོ་སོའི་མཐུན་སྒྲིལ་གྱི་བརྩེ་བ་ཟབ་པ་དང་ཐུན་མོང་འཕེལ་རྒྱས་བརྩོན་ལེན་བྱེད་པའི་མཛེས་སྡུག་གི་རི་མོ་ཞིག་བྲིས་ཡོད་ལ། བླངས་པའི་གྲུབ་འབྲས་ལ་རིགས་སོ་སོའི་མང་ཚོགས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་ཐོབ་པར་མ་ཟད་གོང་རིམ་སྡེ་ཁག་གི་ཁས་ལེན་ཡང་ཆེན་པོ་ཐོབ་ཡོད།
རུ་ཕྱུག་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་། སྔོན་ཆད་རུ་ཕྱུག་སྡེ་བའི་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་ལ། སྡེ་མི་རྣམས་ཀྱིས་རང་བྱུང་གི་རྩྭ་སའི་བཅུད་ལ་བརྟེན་པའི་སྲོལ་རྒྱུན་གྱི་ཕྱུགས་ལས་འཚོ་བ་རོལ་བཞིན་ཡོད་པ་དང་། ད་ལྟ་རུ་ཕྱུག་སྡེ་བར་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག སྡེ་བའི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་སྟེ། སྡེ་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། རུ་ཕྱུག་སྡེ་བའི་སྔོན་ཆད་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྕགས་བྱམས་རྒྱལ་གྱིས་བཤད་རྒྱུར།
རུ་ཕྱུག་སྡེ་བས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ལྡན་ལམ་བུ་ཞིག་བཏོད་ཡོད། ས་འདི་གའི་ཕུན་སུམ་ཚོགས་པའི་རྩྭ་སའི་ཐོན་ཁུངས་དང་ཐུན་མིན་གྱི་མི་རིགས་རིག་གནས་ལ་བརྟེན་ནས། ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་དང་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་། སྡེ་བའི་ནང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་མང་བོ་བཙུགས་ཡོད་ལ། ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བ་དང་ཚན་རིག་གི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། ཕྱུགས་ལས་ཀྱི་གཞི་རྒྱ་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཐོན་ཚད་ཀྱང་ལྡབ་འགྱུར་གྱིས་མཐོར་འདེགས་བྱུང་ནས་སྡེ་མིའི་ཡོང་འབབ་ཇེ་མང་དུ་སོང་ཡོད། སྡེ་བ་འདིས་མཚོ་སྔོན་པོར་ཐག་ཉེ་བ་དང་རྒྱལ་ལམ་གསུམ་གཅིག་ལྔའི་འགྲམ་བརྒྱུད་ཀྱི་ཡུལ་བབ་ཁྱད་སྟོབས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས། དམངས་སྲོལ་རིག་གནས་ཉམས་ལེན་དང་རྩྭ་ཐང་གི་མཛེས་པ་ཉམས་སུ་མྱོང་བ། ཁྱད་ལྡན་བཟའ་བཏུང་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་གསར་བསྐྲུན་བྱས་ཏེ། ཡུལ་སྐོར་ལ་ཡོང་བའི་སྐུ་མགྲོན་མང་བོའི་བློ་ཁ་དྲངས་ཡོད། སྡེ་བའི་མང་ཚོགས་མི་ཉུང་བ་ཞིག་གིས་འབྲོག་པའི་སྤྲོ་སྐྱིད་ཁང་དང་དམངས་སྲོལ་མགྲོན་ཁང་སོགས་གཉེར་ནས་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད།
རུ་ཕྱུག་སྡེ་བ་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་བོ་མཉམ་དུ་འཚོ་སྡོད་བྱེད་པའི་སྡེ་བ་ཞིག་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་ཆེད། སྡེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་འགུལ་སྤེལ་བ་དང་། སེ་འབྲུའི་ཁྱིམ་གཞིས་ཞེས་པ་དེ་བེད་སྤྱད་དེ་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་སྲོལ་རྒྱུན་ལུས་རྩལ་གྱི་འགྲན་སྡུར། དམངས་སྲོལ་རིག་གནས་ཀྱི་འགྲེམ་སྟོན་སོགས་རྣམ་པ་མི་འདྲ་བའི་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། མི་རིགས་སོ་སོའི་བར་གྱི་རིག་གནས་བརྗེ་རེས་དང་བརྩེ་བ་ཇེ་ཟབ་ཏུ་བཏང་། དེའི་ཞོར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འཆད་འཁྲིད་སྤེལ་བ་དང་དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་ཀྱི་ཐབས་ལ་བརྟེན་ནས། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་རྒྱ་ཆེར་བསྒྲགས་པས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་ཤུགས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་བརྩོན་ཞེས་པའི་དགོངས་པ་དེ་མི་སེམས་ལ་འདྲིས་པར་བྱས། རུ་ཕྱུག་སྡེ་བར་མི་རིགས་སོ་སོའི་བར་ཕན་ཚུན་རོགས་རེས་དང་ཟོལ་མེད་བརྩེ་འདང་ཟབ་མོའི་དར་སྲོལ་ཅིག་ངང་གིས་ཆགས་ཡོད་ཅིང་། ཁྱིམ་ཚང་སུ་ལ་དཀའ་ཁག་བྱུང་ཚེ་ཚང་མས་རོགས་སྐྱོར་གྱི་ལག་ཟུང་རིང་དུ་བསྲིང་སྲིད་པ་དང་། ལོ་སར་དང་དུས་ཆེན་སོགས་ཀྱི་སྐབས་སུ། རིགས་སོ་སོའི་མང་ཚོགས་རྣམས་ཕན་ཚུན་གྱི་ཁྱིམ་དུ་འགྲོ་འོང་བྱེད་པ་དང་ཕན་ཚུན་སྨོན་འདུན་ཞུས་ནས་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད། སྡེ་མི་དགེ་འདུན་བསྟན་འཛིན་གྱིས་བཤད་རྒྱུར།
ཏང་དང་སྲིད་གཞུང་གི་མགོ་ཁྲིད་འོག་རུ་ཕྱུག་སྡེ་བའི་རིགས་སོ་སོའི་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།2021ལོར་རུ་ཕྱུག་སྡེ་བར་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ཐུན་མོང་བྱ་དགའ་ཐོབ་པ་དང་། དེ་ལས་ཁོ་ཚོའི་མི་རིགས་མཐུན་སྒྲིལ་བྱ་བའི་ཐད་ཁས་ལེན་ཐོབ་ཡོད། 2024ལོར། ཡང་བསྐྱར་མི་རིགས་མཐུན་སྒྲིལ་སེ་འབྲུའི་བྱ་དགའ་ཐོབ་ཡོད་ལ། གཟི་བརྗིད་མཚན་སྙན་དེས་སྡེ་བ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་སྔར་ལས་མཛེས་སྡུག་གི་མ་འོངས་པར་བགྲོད་པར་སྐུལ་མ་ཆེན་པོ་ཐེབས་ཡོད། སྡེ་མི་ཕུན་ཚོགས་སྒྲོལ་མས་བཤད་རྒྱུར།
རུ་ཕྱུག་སྡེ་བའི་སྡེ་མི་ཚང་མ་མ་འོངས་པར་རེ་བས་ཁེངས་ཡོད་དེ། ཁོ་ཚོས་མུ་མཐུད་དུ་ཁྱད་ལྡན་ཐོན་ལས་གོང་འཕེལ་དུ་གཏོང་བ་དང་སྡེ་མིའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མདའ་བཞི་རུ་ཕྱུག་སྡེ་བ་རུ་སྔར་ལས་བཀྲག་མདངས་རྣམ་པར་བཞད་དུ་འཇུག་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་སྣེ་ཁྲིད་འོག རུ་ཕྱུག་སྡེ་བས་མི་རིགས་མཐུན་སྒྲིལ་རྨང་རྡོ་རུ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད་ལ། མ་འོངས་པའི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་སྲིད་པར་ཡིད་ཆེས་ཀྱིས་ཁེངས་ཡོད།