ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་ནས་ཞིང་ཆེན་ཏང་ཨུའི་ཆེད་དོན་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ཆུས་ཀྱི་ཁ་ཟང་ཞིག་ལ་མེ་སྐྱོན་ཤོར་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། རྗེས་ཕྱོགས་ཀྱི་ལག་བསྟར་དངོས་འབེབས་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་མི་དམངས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་འཛིན་པའི་དམངས་དོན་བརྩེ་བ་དང་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་རྐྱེན་ངན་འདུ་ཤེས་བཅས་ཕུན་སུམ་ཚོགས་པར་མཚོན་ཡོད་ཅིང་། ང་ཚོས་ཉེན་ཁ་འགོག་པ་དང་བདེ་འཇགས་སྲུང་བ། བརྟན་བརླིང་སྐྱོང་བའི་ལས་དོན་ཁག་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་། དུས་ནམ་ཡང་སེམས་མི་བདེ་བའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་སློབ་སྦྱོང་མྱོང་རྟོགས་ཟབ་མོ་བྱེད་པ་དང་། དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་བྱེད་པ། གནད་དོན་ཕྱོགས་སྟོན་དང་གཅིག་ཤེས་ཀུན་གྲོལ་རྒྱུན་འཁྱོངས་བྱེད་པ། མྱུར་ཏུ་འགུལ་སྐྱོད་བྱས་ཏེ། བདེ་འཇགས་ཉེན་ཁའི་འགོག་ཟོན་ལས་དོན་ངེས་པ་དོན་གྱིས་ལེགས་པར་འཛིན་དགོས་པར་ནན་གྱིས་བསྟན།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་ཆབ་སྲིད་ཀྱི་ཆ་རྐྱེན་གཙོ་བོ་ཡིན་པས། ངེས་པར་དུ་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ངེས་པ་དོན་གྱིས་ཕྲག་ཏུ་ལེན་པ་དང་། རིམ་པ་ནས་རིམ་པར་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། རིགས་མི་འདྲ་བ་སྣ་ཚོགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། བཅོས་སྐྱོང་དངོས་འབེབས་མཐའ་གཅིག་ཏུ་ཚད་ལ་བསླེབ་པར་བྱེད་པ། དོན་རྐྱེན་ཆེན་པོ་དང་ཤིན་ཏུ་ཆེན་པོ་འབྱུང་བར་སྟོབས་ཤུགས་ཡོད་རྒུས་འགོག་ཟོན་དང་གཏན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས། ཏང་ཨུ་སྲིད་གཞུང་གི་ཁོངས་གཏོགས་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་ལྟ་སྡོམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་བཅས་ནན་འཛིན་དངོས་འཛིན་བྱེད་པ་དང་། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་དོ་དམ་བྱེད་པ་དང་ལས་སྒོ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་དོ་དམ་བྱེད་པ། ཐོན་སྐྱེད་ཚོང་གཉེར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་འཛིན་མཉམ་སྡོམ་གྱི་འདུས་ཤུགས་སྟོབས་ཆེན་ཆགས་པར་བྱེད་དགོས། ལྔ་གཅིག་གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་གཏོང་ཆེར་སྐྱེད་པ་དང་། མེ་འགོག་བདེ་འཇགས་དང་འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟན་བརླིང་གི་ཆད་ལྷག་ཞན་ཆར་དམ་པོར་དམིགས་ཏེ། ལྟ་སྐུལ་བརྟག་ཞིབ་ཇེ་དྲག་ཏུ་གཏོང་བ་དང་། འབུར་ཐོན་གནད་དོན་ཐག་བཅད་ནས། མི་དམངས་མང་ཚོགས་ཀྱིས་དུས་ཆེན་བདེ་འཇགས་ངང་རོལ་ཐུབ་པར་ངེས་པ་དོན་གྱིས་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །