ཟླ5པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས9པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པའི་ན་གཞོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཁག་ཁུར་ནུས་པ་འདོན་པར་སྐུལ་མ་བྱེད་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་གི་ན་གཞོན་བྱ་བར་གྲུབ་འབྲས་ཆེན་པོ་བླངས་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ཡོད། ཏང་གིས་གུང་གཞོན་ཚོགས་པ་དང་ན་གཞོན་བྱ་བའི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། གུང་གཞོན་ཚོགས་པ་འཛུགས་པའི་རྩ་བ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་ལས་ཇེ་བརྟན་དུ་བཏང་སྟེ། གུང་གཞོན་ཚོགས་པའི་བྱ་བའི་ཁ་ཕྱོགས་དང་ལས་འགན་སྔར་ལས་གསལ་བོ་བྱས། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྔར་ལས་འབུར་དུ་དོད་ནས། གུང་གཞོན་ཚོགས་པའི་ལས་བྱེད་ཀྱི་བསམ་བློའི་ཀུན་སྤྱོད་དང་བྱ་བའི་སྤྱོད་ཚུལ། འཚོ་བའི་རྣམ་པ་བཅས་སྔར་ལས་བདེ་ཐང་ཡོང་བ་དང་། རྒྱ་ཆེའི་ན་གཞོན་ཚོགས་པའི་ཁྲོད་ཀྱི་སྣང་བརྙན་གསར་སྒྱུར་བྱས་ཡོད། གུང་གཞོན་ཚོགས་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འགན་འཁྲི་གལ་ཆེན་ལ་དམིགས་ནས། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་རྩ་འཛུགས་བྱས་ནས་ཟབ་ཞུགས་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ། གདོང་མཆོང་བྱེད་ཕོད་པ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་སྤོབས་པ་དང་ཁག་ཁུར་མངོན་པར་བྱས། ཏང་ཀྲུང་དབྱང་གིས་གུང་གཞོན་ཚོགས་པ་དང་རྒྱ་ཆེའི་ན་གཞོན་ལ་ཡིད་ཆེས་གང་ལེགས་དང་རེ་བ་ཆེན་པོ་བཅངས་ཡོད།
རྩོམ་ཡིག་ལས་བསྟན་དོན། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་དུས་རབས་གསར་པའི་བསྐྱོད་ལམ་གསར་པར་ཏང་གི་བསྩལ་བའི་འགན་འཁྲིའི་འོས་འགན་ཕྲག་ཏུ་ཁུར་དགོས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་གྱི་བརྗོད་དོན་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་དཀྱིལ་སྙིང་ལས་འགན་དེ་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་བྱ་བའི་བརྗོད་དོན་དང་ཁ་ཕྱོགས་སུ་བརྩིས་དགོས་ཤིང་། འདི་ནི་ལོ་བརྒྱའི་རིང་གི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་བྱ་བའི་རྩ་ཆེ་བའི་ཉམས་མྱོང་ཞིག་ཡིན། གུང་གཞོན་ཚོགས་པས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ཁེལ་བྱས་པའི་དུས་རབས་གསར་པའི་བསྐྱོད་ལམ་གསར་པའི་ཏང་གི་དཀྱིལ་སྙིང་ལས་འགན་ལ་དམིགས་ཏེ་ལས་དོན་སྤེལ་དགོས། གཞི་རྒྱ་ཆེ་བའི་སྒོ་ནས་ན་གཞོན་རྣམས་མཐུན་སྒྲིལ་ཡོང་བ་དང་། རྩ་འཛུགས་བྱེད་པ། སྐུལ་སློང་བྱས་ཏེ། རྒྱ་ཆེའི་ན་གཞོན་ཚོས་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་རང་གི་བྱེད་ནུས་འདོན་པའི་ལང་ཚོའི་ངར་ཤུགས་སྐུལ་སློང་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་བསྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་བསྐྲུན་པའི་ཁྲོད་དུ་དཔའ་ངར་ཆེ་བའི་གདོང་ལེན་རུ་དཔུང་དང་འཕྲལ་རྒོལ་རུ་དཔུང་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་ན་གཞོན་གྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དགོས། ན་གཞོན་ལ་ཕུགས་འདུན་ཡོད་པ་དང་ཁག་ཁུར་བྱེད་ཕོད་པ། དཀའ་སྡུག་མྱངས་ཐུབ་པ། འབད་བརྩོན་བྱེད་ཕོད་པས། ཀྲུང་གོའི་ན་གཞོན་ལ་ད་གཟོད་སྟོབས་ཤུགས་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ད་གཟོད་རེ་བས་ཁེངས་ཐུབ། རྒྱ་ཆེའི་ན་གཞོན་གྱི་བསམ་བློའི་འདུ་ཤེས་སློབ་གསོར་ཤུགས་བསྣན་ཏེ། ཏང་གི་ཁ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་འདུ་ཤེས་ཇེ་བརྟན་དུ་གཏོངབ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རླབས་རྒྱུན་ཁྲོད་དུ་ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་དགོས། གུང་གཞོན་ཚོགས་པ་ནི་ན་གཞོན་བདེ་ཐང་འཚར་ལོངས་འབྱུང་བའི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་ཡིན། ཆབ་སྲིད་ཀྱི་རང་བཞིན་ནི་གུང་གཞོན་ཚོགས་པའི་ཁྱད་གཤིས་དང་པོ་ཡིན། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་གྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱུ་ཨང་དང་པོར་བཞག་སྟེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་འབད་པས་གསོ་སྐྱོང་བྱེད་པ་དང་། རྒྱུན་ཆད་མེད་པར་ཏང་ལ་བདེ་ཐང་དང་གསོན་ཤུགས་རྒྱས་བྱེད་ཀྱི་ཟུངས་ཁྲག་སྐྱེལ་དགོས། གུང་གཞོན་ཚོགས་མི་དང་ན་གཞོན་གྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། ཚན་རིག་དང་མཐུན་པའི་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་འབད་བརྩོན་བྱེད་པ་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་སྤྱོད་མཁས་བྱས་ནས་གནད་དོན་ལ་དབྱེ་ཞིབ་བྱེད་དགོས་ཤིང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཀྱི་གོ་རྟོགས་བསྐྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པའི་ན་གཞོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཁག་ཁུར་ནུས་པ་འདོན་པར་སྐུལ་མ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་བགྲོད་ལམ་ཉག་ཅིག་ཡིན་ལ། སྔོན་དུ་དཔེ་མེད་པའི་གསར་སྐྲུན་རང་བཞིན་གྱི་ལས་དོན་ཞིག་ཡིན། གུང་གཞོན་ཚོགས་པས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་འགན་འཁྲི་གཙོ་བོར་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། རྒྱ་ཆེའི་ན་གཞོན་གྱིས་རང་གི་ལས་གནས་ལ་རྐང་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཚན་རྩལ་གསར་སྐྲུན་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྐྱོང་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བྱ་བའི་ཁྲོད་ཀྱི་སྣེ་ཁྲིད་མཁན་དང་གཙོ་ཤུགས་དམག་ཏུ་འགྱུར་བར་རྩ་འཛུགས་སྐུལ་སློང་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། གུང་གཞོན་ཚོགས་པ་དང་གུང་གཞོན་ཚོགས་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། གུང་གཞོན་ཚོགས་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱོགས་ཡོངས་ནས་གུང་གཞོན་ཚོགས་པ་དོ་དམ་ནན་མོ་དང་བཅོས་སྐྱོང་ལེགས་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གུང་གཞོན་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མུ་མཐུད་དུ་སྲུང་འཛིན་དང་ཇེ་དྲག་ཏུ་བཏང་སྟེ། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་མུ་མཐུད་དུ་མཐོ་རུ་གཏོང་དགོས། གཞི་རིམ་གྱི་རྨང་གཞིའི་ཁྲིད་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཁེབས་ཚད་མུ་མཐུད་རྒྱ་བསྐྱེད་པ། ན་གཞོན་དང་མང་ཚོགས་ཀྱི་བྱ་བའི་ནུས་པ་མཐོ་རུ་གཏོང་བ། གོང་འོག་མཉམ་འགུལ་རྒྱུན་འཁྱོངས་བཅས་བྱས་ཏེ། གུང་གཞོན་ཚོགས་པ་ཡོངས་ཀྱིས་གཞི་རིམ་དམ་འཛིན་བྱེད་པའི་གཅིག་བསྡུས་སྟོབས་ཤུགས་ཆགས་པར་བྱེད་དགོས། གུང་གཞོན་ཚོགས་པའི་ལས་བྱེད་པའི་འགན་འཁྲི་གཙོ་བོ་ནི་ན་གཞོན་གྱི་བྱ་བ་ཡིན་ལ། ཆབ་སྲིད་ཀྱི་ནུས་པ་དང་གཞུང་ལུགས་ཀྱི་བྱང་ཚད། མང་ཚོགས་བྱ་བའི་འཇོན་ནུས་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། བློ་སེམས་གཅིག་སྒྲིལ་གྱིས་རང་གི་བྱ་བ་ལེགས་པོར་བསྒྲུབས་ཏེ། ལས་འབྲས་དངོས་ལ་བརྟེན་ནས་ཏང་གི་ཡིད་ཆེས་དང་སྤྱི་ཚོགས་ཀྱི་བརྩི་འཇོག ན་གཞོན་གྱི་བསྟོད་བསྔགས་བརྩོན་དགོས།
རྩོམ་ཡིག་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་གིས་ན་གཞོན་བྱ་བར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་འོག་སྡེ་ཁག་སོ་སོའི་ན་གཞོན་འཕེལ་རྒྱས་ལས་དོན་མཉམ་འཛིན་མཉམ་སྒྲུབ་བྱེད་པའི་བྱ་བའི་རྣམ་པ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གུང་གཞོན་ཚོགས་པས་གསར་གཏོད་རང་བཞིན་གྱིས་བྱ་བ་སྤེལ་རྒྱུར་རྒྱབ་སྐྱོར་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ལྷག་བསམ་ཆེན་པོས་ན་གཞོན་གྲོགས་པོའི་བློས་ཐུབ་གྲོགས་པོ་དང་ན་གཞོན་མང་ཚོགས་ཀྱི་སྣེ་ཁྲིད་པ་བྱེད་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རེ་བ་ན་གཞོན་གྱི་སྟེང་དུ་བཅོལ་ཡོད། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། གཞོན་ནུ་མི་རབས་རྣམས་ཏང་གི་མཐའ་འཁོར་དུ་སྔར་ལས་ལེགས་པོའི་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད།