མཚོ་སྔོན་གྱི་ཕུག་ལམ་ཆེས་རིང་ཤོས་ཏེ་ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་གྱི་ཕྱོགས་གཉིས་ལམ་ཐིག་ཤར་གཏོང་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས27ཉིན། དུས་ཡུན་ཉིན1800ལྷག་ལ་འབད་བརྩོན་བྱས་པའི་ཅའོ་ནན་ནས་མདའ་བཞི་བར་གྱི་གཞུང་ལམ(མཚོ་སྔོན་དང་ཀན་སུའུ་བར་གྱི་ས་མཚམས)དེ་ནས་ནུབ་མཚོ(མདའ་གཞི)བར་གྱི་ལམ་མཚམས་བཟོ་སྐྲུན་ཏེ JX-1 ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་རིང་ཤོས་ཀྱི་གཡས་ཕྱོགས་ཤར་གཏོང་བྱུང་། དེ་མཚོ་སྔོན་གྱི་ཕུག་ལམ་ཆེས་རིང་ཤོས་ཏེ་ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་གྱི་ཕྱོགས་གཉིས་ལམ་ཐིག་བདེ་བླག་ངང་ཤར་གཏོང་བྱུང་བ་མཚོན་ཡོད།

ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་རིང་ཤོས་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་གནས་ཤིང་། ཕུག་ལམ་དེའི་མགོ་མཇུག་ནི་ཡོན་ཕུའུ་ཀོའུ་ལུང་བ་ནས་པེ་མུའུ་འགག་བར་ཡིན། གཡས་གཡོན་ཕུག་ལམ་གྱི་སོ་སོའི་རིང་ཚད་ནི་སྤྱི་ལེ11.18དང་སྤྱི་ལེ11.13ཡིན་ལ།  དེ་ནི་ཕྱོགས་གཉིས་དང་འཁོར་ལམ་བཞི་ཅན་གྱི་ཕུག་ལམ་ཡིན། རྣམ་གྲངས་དེ་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་ཆ་སྙོམས་མཚོ་འཕགས་སྨི3000ལས་བརྒལ། མཁའ་རླུང་ཁྲོད་དབྱང་འདུས་ཚད་ནི་བདེ་ཐང་ས་ཁུལ་གྱི70%ལས་ཟིན་མེད། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ནི4.8℃དང་ཆེས་དམའ་བའི་དྲོད་ཚད་ནི-32℃རེད།

ཕུག་ལམ་དེ་པེ་ལུང་རི་བོའི་རི་རྒྱུད་གཙོ་བོ་བརྒྱུད་དེ་ཆད་རིམ་གྱི་ཧྲུག་ཆག་ཁུལ7བརྒལ་ཡོད་ལ། རུལ་འགྱུར་ཁུལ་དང་བཙིབ་གནོན་ཧྲུག་ཆག་ཁུལ་དེ་ཕུག་ལམ་གྱི་ལམ་ཐིག་ཧྲིལ་པོར་རྒྱ་ཁྱོན་ཆེན་པོས་ཁྱབ་ཡོད། ཕུག་ལམ་གྱི་གཏིང་ཚད་སྨི400ཡན་ལས་བརྒལ་བའི་ཁུལ་དུམ་བུ་སྤྱི་ལེ6ལས་བརྒལ་ཡོད། ཕུག་ལམ་འཛུགས་སྐྲུན་བྱེད་སྐབས་འཕྲད་པའི་བཟོ་སྐྲུན་དང་ལག་རྩལ་གྱི་དཀའ་གནད་སྣ་ཚོགས་ཐག་གཅོད་བྱེད་ཆེད། འཛུགས་སྐྲུན་ནང་ཞུགས་པའི་ལས་བཟོ་བ2000ལྷག་གིས་ཚན་རྩལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། རྙོག་འཛིང་ཆེ་བའི་ས་གཤིས་དང་ཆུ་དཔྱད་ཆ་རྐྱེན་གྱི་མདུན་དུ་བཟོ་སྐྲུན་ལག་རྩལ་དཀའ་ངལ་ཆེ་བ་དང་། བདེ་འཇགས་ཐད་མངོན་མེད་ཉེན་ཁ་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་མཐོ་བ་བཅས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ཏེ། མཐའ་འཁོར་བྲག་རྡོའི་དབྱིབས་འགྱུར་དང་། ཆུ་འཕྱུར་འདམ་འབྱུང་སོགས་བཟོ་སྐྲུན་གྱི་དཀའ་གནད་ཐག་གཅོད་བྱས་ཏེ། ཕུག་ལམ་བདེ་བླག་ངང་སྦྲེལ་ཐུབ་པར་ཁག་ཐེག་བྱས།   དེ་དང་ཆབས་ཅིག《ས་བབ་མཐོ་བའི་གཞུང་ལམ་ཕུག་ལམ་གྱི་བར་ཐག་རིང་བའི་བཟོ་སྐྲུན་དང་། འཁོར་སྐྱོད་རླུང་རྒྱུག་དང་མེ་སྐྱོན་རྣམ་པའི་འོག་གི་གནོད་འཚེ་སྔོན་འགོག་རོགས་སྐྱོབ་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག》སོགས་ཞིབ་འཇུག་བྱ་གཞི་ཁག8ཀྱི་ཞིབ་འཇུག་གྲུབ་འབྲས་དང་འབྲེལ་ཡོད་དཔྱད་རྩོམ་ཕྱོགས་སྡོམ་དང་ཞིབ་སྦྱང་བྱས་ཏེ་གྲང་མཐོ་དང་ས་བབ་མཐོ་བའི་རིགས་གཅིག་ཅན་གྱི་ཕུག་ལམ་སྔོག་འདོན་བྱ་རྒྱུར་ཉམས་མྱོང་གལ་ཆེན་བསགས།

མིག་སྔར་ཅ་ཞི་གཞུང་ལམ་གྱི་ཚད་གཞི་དང་པོས་ལམ་ངོས་དང་། འཕྲུལ་གློག  འགྲིམ་འགྲུལ་བདེ་འཇགས་བཅས་ཀྱི་བཟོ་གྲྭ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་དང་རླངས་འཁོར་ཤར་གཏོང་བྱུང་རྗེས་ལན་ཀྲོའུ་ནས་ཟི་ལིང་། ན་གོར་མོ་ས་ཁུལ་གྱི་རྒྱལ་ཁབ་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་དེ་བཞིན་ལམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ། ཡུལ་སྐོར་ལས་རིགས་འཕེལ་རྒྱས། ནུབ་རྒྱུད་དངུལ་འཇོག་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་སོགས་ཀྱི་ལས་དོན་ལ་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།