སྤྱོད་ཚུལ་གྱི་གནད་དོན་ལ་དམ་འཛིན་བྱེད་པར་ལྷོད་གཡེང་གཏན་ནས་བྱེད་མི་རུང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་ཆར་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་བཅུ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་དང་། བསྟུད་མར་དཔེ་མཚོན་གནད་དོན་ཁྱབ་བསྒྲགས་བྱས་པ་དེས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལ་དམ་འཛིན་བྱེད་པའི་ཆོད་སེམས་མངོན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་གྱི་འགག་སྒོ་དང་སྐུལ་སློང་གི་བཀའ་རྒྱ་ཡིན་ལ། ཡུན་རིང་ནུས་ལྡན་གྱི་རྣོ་ལྕགས་ལྟ་བུའི་ལམ་སྲོལ་དང་སྒྲོམ་གཞི་ཡིན་པས། རྒྱུན་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི“གསེར་མདོག་གི་མིང་བྱང”དེ་ཇེ་གསལ་ནས་ཇེ་གསལ་དུ་གཏོང་དགོས། 

སྤྱོད་ཚུལ་གྱིས་མཚོན་པ་ནི་སྣང་བརྙན་དང་བྱང་ཚད་ཡིན་པ་དང་། དེའི་མཚོན་དོན་ནི་ཏང་གཤིས་རེད། ཉེ་བའི་ལོ་འགའི་རིང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང“གཞི་རིམ་དུ་སོང་ནས་བརྟག་ཞིབ་བྱེད་པར་རླངས་འཁོར་དུ་བསྡད་ནས་དྲ་ཤེལ་ལས་བལྟ་བ”དང་། “དམག་བཀའ་ཁུར་ལེན་ཞུ་ཡིག་ལ་རིམ་པ་སོ་སོས་མིང་རྟགས་བཀོད་ནས་འགན་འཁྲི་འོག་ཏུ་སྤྲོད་པ”།“བྱ་གག་ཆུ་ནང་དུ་འཛུལ་ཡང་བྱ་སྤུ་བརླན་མི་ཐུབ་པ”སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་ཡོད་པ་གསལ་པོ་ཤེས་དགོས། ས་ཆ་ཁ་ཤས་སུ་ལྷོད་གཡེང་བྱུང་བ་དང་། ཕྱོགས་ཁ་ཤས་སུ་མིག་གིས་མཐོང་མི་ཐུབ་ས་ཡོད་པ། སྤྱོད་ཚུལ་ངན་པ་ཁ་ཤས་བསྐྱར་ལོག་ཐེབས་པ་བཅས་ལ་སྔར་བས་དོགས་ཟོན་རྒྱུན་འཁྱོངས་བྱེད་དགོས་ཤིང་། དུས་ནམ་ཡང་ལྷོད་གཡེང་དང་སྒྱིད་ལུག་སྔོན་འགོག་དང་སེམས་ཤུགས་སྤོ་སྒྱུར་བྱེད་པ་སྔོན་འགོག་བྱས་ནས། སྤྱོད་ཚུལ་གྱི་གནད་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་།

སྤྱོད་ཚུལ་གྱི་གནད་དོན་ནི་མི་སེམས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་ལ། ཏང་གི་སྲིད་འཛིན་རྨང་གཞི་དང་འབྲེལ་བ་ཡོད། སྤྱོད་ཚུལ་ནི་སྤྱི་མཚན་ཞིག་མིན་ཏེ། ཏང་ཡོན་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་རེ་རེའི་དོན་དངོས་ཀྱི་བྱ་བའི་ཁྲོད། དོན་ཆེན་དོན་ཆུང་གི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་བྱེ་བྲག་གིས་འདྲེས་ཡོད། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ལྟ་སྟངས་ཇི་ལྟར་འཛིན་པར། ཆེས་ཐད་ཀའི་བལྟ་ས་ནི་ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པ་དྲང་གཞག་ལུགས་མཐུན་ཡིན་མིན་དང་། སྤྱོད་གཙང་ཡིན་མིན། བྱ་བ་སྒྲུབ་མིན་བཅས་ཡིན། ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་དྲང་བདེན་དང་ངར་ཤུགས་ཆེན་པོས། ཉིན་མཚན་དབྱེར་མེད་དུ་གཞུང་དོན་དང་སྤྱོད་གཙང་རང་གཅུན་བྱས་ནས་མང་ཚོགས་སེམས་སུ་འཛིན་པ་དང་། དུས་ཀྱིས་སུ་ལའང་མི་སྒུག་པ་དང་ཉིན་མཚན་དབྱེར་མེད་དུ་འབད་བརྩོན་བྱེད་པའི་སྙིང་སྟོབས་ཐོག་ནས་ལས་དོན་བརྩོན་ལེན་བྱས་ཚེ། མི་དམངས་མང་ཚོགས་ཀྱིས་སྲོལ་བཟང་དར་སྤེལ་དང་རུལ་སུངས་ངོ་རྒོལ་གྱི་ཕན་འབྲས་དངོས་སུ་ཚོར་ཐུབ་པ་དང་། སྤྱོད་ཚུལ་བཟང་པོ་ཡང་དར་སྲོལ་གསར་པར་གྱུར་ནས། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བྱེད་པའི་ནུས་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་སྲིད།

ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་ནི་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ཡུན་རིང་གི་བཟོ་སྐྲུན་ཞིག་ཡིན་པས། མགོ་ཚུགས་ས་ལས་མཇུག་སྒྲིལ་མཚམས་མེད། འདིར་འཕྲད་པའི་གནད་དོན་ལ་ཡུན་རིང་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། ཁ་གཏད་གཅོག་སྟངས་ཀྱང་ངེས་པར་དུ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་ལྡན་ཅན་བཅས་ཡིན་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་མཆོང་ཐེངས་གཅིག་དང་གཡུལ་འགྱེད་གཅིག་གིས་རྒྱལ་ཁ་ལེན་ཐབས་མེད་པ་མ་ཟད། རླུང་འཚུབ་ཅིག་དང་རླུང་གཡུག་ཐེངས་ཤིག་གིས་མཚམས་འཇོག་མི་རུང་པས། ངེས་པར་དུ་རྟག་ཏུ་དམ་འཛིན་དང་ཡུན་རིང་ལ་དམ་འཛིན་བྱས་ཏེ། རྟ་སྒ་དང་ཁ་མི་བྲལ་བ་དང་། སྲབ་ལག་པས་མི་ལྷོད་པའི་ཆོད་ཤུགས་ཀྱིས། ཡང་དང་བསྐྱར་དུ་དམ་འཛིན་དང་རྟག་དང་རྒྱུན་དུ་དམ་འཛིན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། འགག་སྒྲོལ་དམག་འཐབ་དང་། ཡུན་རིང་དམག་འཐབ། སེམས་འདུལ་དམག་འཐབ་བཅས་ཡག་པོར་བརྒྱག་དགོས།

སྤྱོད་ཚུལ་བཟང་པོ་ནི་གསར་གཏོད་ཀྱི་ནུས་པ་དང་གོང་བུ་འགྲིལ་ཤུགས། འཐབ་འཛིང་གི་ནུས་པ་བཅས་ཡིན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་པས། དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་ལ་ཁ་གཏད་གཅོག་པར། ངེས་པར་དུ་སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་གཟབ་ནན་དུ་བཏང་སྟེ། རྒྱུགས་ལ་ཞུགས་པའི་སེམས་ཁམས་རྒྱུན་འཁྱོངས་ཀྱིས། སྤྱོད་ཚུལ་གནད་དོན་ནས་རུལ་སུངས་བསྐྱེད་པའི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་སྤྲད་ནས། སྔར་ལས་སྤོབས་པས་ཁེངས་པའི་ཉམས་འགྱུར་གྱིས་རྒྱང་སྐྱོད་གསར་བའི་བགྲོད་ལམ་དུ་བསྐྱོད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།