ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་རྗེས་ཀྱི《ཞིང་སྡེའི་གཞི་རིམ་ལས་བྱེད་པའི་སྤྱོད་པ་གཙང་མས་འགན་འཁྲི་ལག་བསྟར་བྱེད་པའི་གཏན་འབེབས》དཔར་འགྲེམ་བྱས་པ་དེས་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་ཡོད།
ཞིང་པ་ཕྱུག་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། ཞིང་སྡེ་གཏན་འཇགས་ཡིན་ན་གནམ་འོག་བདེ། ཏང་གི་བྱ་བའི་རྨང་གཞི་ནི་གཞི་རིམ་དུ་ཡོད་ལ། སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡང་གཞི་རིམ་དུ་ཡོད། ཞིང་སྡེའི་གཞི་རིམ་ལས་བྱེད་པ་འཐབ་ཕྱོགས་དང་པོར་གནས་པ་དང་། ཁོ་ཚོས་སྤྱོད་པ་གཙང་མས་ལས་འགན་སྒྲུབ་པ་ནི“ཞིང་གསུམ”ལས་དོན་དོན་འཁྱོལ་དང་འབྲེལ་བ་དམ་པོ་ཡོད།
《གཏན་འབེབས》ཀྱིས་ལྡོག་ཕྱོགས་ཀྱི་གསལ་ཐོ་ལ་བརྟེན་ནས“དབང་ཆའི་དམར་ཐིག”དབྱེ་འབྱེད་བྱས་ཤིང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གཙོ་གཞིའི་འགན་འཁྲི་གཟབ་ནན་དུ་བཏང་ཡོད། 《གཏན་འབེབས》དོན་འཁྱོལ་བྱེད་སྐབས། ལམ་ལུགས་ཀྱི་དྲ་བ་དམ་ཟབ་འཛུགས་པ་དང་། ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆད་གཅོད་དང་སྔོན་འགོག་ཟུང་འབྲེལ་རྒྱུན་འཁྱོངས་བཅས་བྱས་ཏེ། གྱོད་དཔེས་ཉེན་བརྡ་གཏོང་བ་དང་། སྤྱོད་གཙང་རིག་གནས་གྲོང་ཚོའི་དུད་ཁྱིམ་དུ་བསྐྱོད་པ་སོགས་ལ་བརྟེན་ནས། “དབང་ཆའི་ཆེད་དུ་སྤྱོད་གཙང་སྤེལ་བ་དང་དམངས་ཀྱི་ཆེད་དུ་བརྩོན་འགྲུས་བསྐྱེད་པའི”རིན་ཐང་ཁྲིད་སྟོན་གསོ་སྐྱོང་བྱས་ཏེ། སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་གུ་ཡངས་གཏན་ནས་གཏོང་མི་རུང་། “ནམ་ཡང་ལམ་དུ་ཡོད་པའི”རྣམ་འགྱུར་གྱིས་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་བཏང་ན། གཞི་ནས་གྲོང་གསེབ་དར་སྤེལ་ཡོང་བའི་རྨང་གཞི་སྔར་ལས་བརྟན་པོ་དང་། རྒྱུ་སྤུས་སྔར་ལས་བཟང་བ། ཚོན་མདོག་སྔར་ལས་ཕུན་སུམ་ཚོགས་པ་བཅས་ཡོང་བར་བྱེད་ཐུབ། །