ཟླ4པའི་ཚེས28ཉིན་གྱི་སྔ་དྲོར། ཀྲུང་ཧྭའི་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་ནས། མི་སྣ་སྟོང་གཉིས་དང་བཞི་བརྒྱ་ཉེར་དྲུག་ལ་གཟེངས་བསྟོད་ཐོབ་པ་དང་། མི་སྣ་སྟོང་གཅིག་དང་དྲུག་བརྒྱ་བདུན་ཅུར་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་མཚན་སྙན་གནང་ཞིང་། མི་སྣ་བདུན་བརྒྱ་ང་དྲུག་ལ་རྒྱལ་ཡོངས་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་མཚན་སྙན་གནང་། དེའི་ཁྲོད་རང་ཞིང་གི་མི་སྣ་སོ་བཞིར་གཟེངས་བསྟོད་བྱས་པ་དང་། དེར་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ཉེར་གསུམ་དང་རྒྱལ་ཡོངས་སྔོན་ཐོན་བྱ་བ་བསྒྲུབ་མཁན་བཅུ་གཅིག་ཡོད།
ཐེངས་འདིའི་ཚོགས་ཆེན་སྟེང་གཟེངས་བསྟོད་ཐོབ་མཁན་ལ་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་རྩེ་རུ་སྙེག་ནས་འགག་རྩའི་ལྟེ་བའི་ལག་རྩལ་ལ་ཐོད་བརྒལ་བྱས་པའི་ཚན་ཞིབ་མི་སྣ་ཡོད་ལ། གཞི་རིམ་དུ་རྐང་བཙུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱས་པ་དང་། གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་བཏོན་པའི་ཞིང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡོད་ཅིང་། ད་དུང་སྤྱིར་བཏང་གི་ལས་གནས་སྟེང་བྱ་བ་བསྒྲུབ་སྟེ། བཟོ་པའི་སྙིང་སྟོབས་ལ་བརྟེན་ནས་ཕུལ་བྱུང་ལས་འབྲས་བླངས་པའི་ལས་ཡུལ་དང་པོའི་བཟོ་པ་དང་། དངོས་སྐྱེལ་རླངས་འཁོར་བསྐོར་ནས་གྲོང་རྡལ་དང་གྲོང་གསེབ་མང་པོར་བསྐྱོད་དེ། རིག་ནུས་དངོས་སྐྱེལ་ལ་བརྟེན་ནས་ཆེས་མཇུག་མཐའི་སྤྱི་ལེ་གཅིག་གེགས་མེད་ཡོང་བར་བྱས་པའི་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་ཡོད་ལ། དེ་མིན་སློབ་གསོ་དང་སྨན་བཅོས། སྤྱི་བའི་ཞབས་ཞུ་སོགས་ཁྱབ་ཁོངས་སུ་སྒེར་སེམས་མེད་པར་བྱས་རྗེས་བཞག་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་གིས་བྱས་རྗེས་བཞག་པའི་ངལ་རྩོལ་པ་སོགས་ཡོད། རང་ཞིང་གི་གཟེངས་བསྟོད་ཐོབ་པའི་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ལོ་རེར་རྨང་གཞིའི་ལིས་ཚྭ་ཏུན་ཁྲི་ལྔ་ཐོན་སྐྱེད་བྱེད་པའི་གཞི་གཅིག་ཅན་ལས་གཞི་ཚན་ཆུང་གི་རིམ་པ་གཉིས་པའི་ལག་རྩལ་ཆེད་མཁས་པ་གྲགས་ཅན་དང་རང་ངོས་ཚོད་འཛིན་ཆ་འཕྲིན་ཚན་ཆུང་གི་ཚན་གཙོ་ལུའུ་ཁྲིན་དབྱིན་དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཱ་ཡན་གྲོང་རྡལ་མེའོ་ཨར་ཀུག་སྡེ་བའི་འཐེན་ཐུག་ལས་ཞུགས་མི་སྣ་ཧན་ཡུས་ལུང་སོགས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ཉེར་གསུམ་དང་། དེ་མིན་མཚོ་སྔོན་རོང་འབྲོག་ཚན་རྩལ་ལག་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ལའོ་ཙུན་ཧའེ། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་གི་སྙིང་གཟེར་ནད་ཀྱི་ཚན་ཁག་དང་པོའི་ཀྲུའུ་རིན་ཁྲིན་པའོ་སོགས་རྒྱལ་ཡོངས་སྔོན་ཐོན་བྱ་བ་བསྒྲུབ་མཁན་བཅུ་གཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བ་དང་། དེ་ཁེ་ལས་ཀྱི་ལས་བཟོ་པ་དང་ཞིང་བ། ལས་ཁུངས་ལས་དོན་སྡེ་ཁག་གི་མི་སྣ་སོགས་ཚོགས་པ་མང་པོར་ཁེབས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པའི་ཕུལ་བྱུང་འཐུས་ཚབ་པ་ཡིན།
རང་ཞིང་གི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་ཚོས་བསྟན་དོན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། མཚན་སྙན་གཅེས་འཛིན་དང་ཡང་འབད་བསྐྱར་འབད་བྱེད་པ། ངལ་རྩོ་ལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་ཀྱི་ལག་ལེན་ཁྲོད་ཞུགས་པ་དང་། རང་རང་གི་ལས་གནས་སྟེང་དངོས་སྒྲུབ་སྔོན་བརྩོན་དང་ཞུམ་མེད་འབད་བརྩོན་བྱས་ཏེ། དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ལྷ་མོ་འཚོས་བསྒྱུར།