མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4ཚེས28ཉིན་གྱི་སྔ་དྲོར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་རྟགས་གནང་བའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་པོ་ནས་གཟབ་རྒྱས་ངང་བསྡུས། ཚོགས་ཐོག་ཏུ་མི2426ལ་གཟེངས་རྟགས་གནང་བ་དང་། མི1670ལ་རྒྱལ་ཡོངས་ངལ་རྩལ་དཔེ་བཟང་གི་མཚན་སྙན་གསོལ། མི756ལ་རྒྱལ་ཡོངས་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་བསྩལ། དེའི་ནང་རང་ཞིང་གི་མི34ལ་གཟེངས་རྟགས་ཐོབ་ཡོད་ཅིང་། དེར་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང23དང་རྒྱལ་ཡོངས་སྔོན་ཐོན་ལས་སྒྲུབ་པ11འདུ་བ་རེད།
ཐེངས་འདིའི་ཚོགས་ཆེན་སྟེང་ཐོབ་པའི་གཟེངས་རྟགས་ཀྱི་ནང་དུ་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཡང་རྩེར་སྙེག་ཏེ་འགག་རྩའི་ལག་རྩལ་གྱི་གནད་གྲོལ་མཁན་ཚན་ཞིབ་མི་སྣ་ཡོད་ལ། གཞི་རིམ་དུ་རྐང་ཚུགས་ཤིང་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་དེ་ཞིང་གྲོང་དར་སྤེལ་ལ་རམ་འདེགས་བྱེད་མཁན་ཕྱུག་འགྱུར་སྣེ་ཁྲིད་པ་དང་། སྤྱིར་བཏང་གི་ལས་རྐང་དུ་འབད་པ་ལྷོད་མེད་བྱེད་ཅིང་བཟོ་བའི་སྙིང་སྟོབས་ལ་བརྟེན་ནས་བླ་མེད་གྲུབ་འབྲས་ལེན་མཁན་གྱི་བཟོ་གྲྭའི་བཟོ་བ། སྦྲགས་སྐྱེལ་རླངས་འཁོར་བསྐོར་ནས་གྲོང་དང་གྲོང་གསེབ་བརྒལ་ཞིང་། རིག་ནུས་ཟོག་འདྲེན་ལ་བརྟེན་ནས“མཐའ་མའི་ལེ་དབར་གཅིག”གི་ལས་རིགས་གསར་པར་གཞོལ་བའི་ངལ་རྩོལ་བ། དེ་མིན་སློབ་གསོ་དང་། སྨན་བཅོས། སྤྱི་གཞུང་ཞབས་ཞུ་ལ་སོགས་པའི་ཁྱབ་ཁོངས་སུ་གཞན་དོན་དུ་ཡོད་ཚད་འབུལ་ཞིང་། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཕྱོགས་ལ་ལག་རྗེས་བླ་མེད་བཞག་པའི་ངལ་རྩོལ་པ་རྣམས་འདུ་བ་རེད། ཐེངས་འདིར་གཟེངས་རྟགས་ཐོབ་མཁན་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ལོ་རེར་རྨང་གཞིའི་ལི་ཚྭ་ཏུན་ཁྲི4ཡི་གཞི་གཅིག་ཅན་གྱི་ལས་གཞིའི་ཚན་ཆུང་གི་རིམ་པ་གཉིས་པའི་ལག་རྩལ་ཆེད་མཁས་པ། རང་འཛིན་ཆ་འཕྲིན་ཚན་ཆུང་གི་ཚོགས་གཙོ་ལུའུ་ཁྲེང་ཡིན(陆逞赢)དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་བོད་རིགས་རང་སྐྱོང་རྫོང་བ་ཡན་གྲོང་རྡལ་མོར་ལུང་གྲོང་ཚོའི་འཐེན་ཐུག་ལས་གཉེར་མི་སྣ་ཧན་ཡུས་ལུང(韩玉龙)སོགས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང23དང་། མཚོ་སྔོན་ཞིང་འབྲོག་ཚན་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ་ལའོ་ཙེན་ཧའེ(罗增海)། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཆེད་ཚན་སྨན་ཁང་གི་སྙིང་ནད་ཚན་ཁག་དང་པོའི་ཀྲུའུ་རེན་ཁྲེན་པའོ(陈礴)སོགས་རྒྱལ་ཡོངས་སྔོན་ཐོན་ལས་སྒྲུབ་པ11ནི་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བ་ཡིན་ཞིང་། ཁེ་ལས་ལས་བཟོ་བ་དང་། ཞིང་པ། གཞུང་ལས་ལས་ཁུངས་ཀྱི་ལས་དོན་མི་སྣ་སོགས་མང་པོ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་པ་རྣམས་ཀྱི་ཕུལ་དུ་བྱུང་བའི་མཚོན་བྱེད་ཅིག་ཡིན།
ཁོ་ཚོས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཏེ། གཟི་བརྗིད་ལ་གཅེས་སྤྲས་ཐོག་འབད་བརྩོན་ལྷོད་མེད་བྱས་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་ཆེན་པོ་བྱ་རྒྱུ་དང་། མ་སྐུལ་རང་རྟོགས་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཚིས་ལེགས་སྒྱུར་ལ་སོགས་ཁྱབ་ཁོངས་ཀྱི་ལས་དང་ལག་ལེན་ཁྲོད་ཞུགས་ཏེ། སོ་སོའི་ལས་རྐང་དུ་ལས་ཀ་ནན་ཏན་བསྒྲུབ་ཅིང་། སྔོན་ཐོན་ལ་བརྩོན་ལེན། སྤོབས་པ་ཆེར་བསྐྱེད་ཀྱིས་འབད་འབུངས་བྱས་ནས་བསམ་སྤྱོད་དངོས་ཀྱི་ཐོག་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་ལག་རྗེས་འཇོག་ངེས་ཞེས་གཅིག་རྗེས་གཉིས་འཕྲོད་བརྗོད་བྱུང་ངོ་། །