ཝང་དབྱིས་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཏཱ་ཨར་ལ་ཁ་པར་བཏང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཁ་ཆད་ལྟར་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཏཱ་ཨར་ལ་ཁ་པར་བཏང་།

ཏཱ་ཨར་གྱིས་ཕ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཁེ་ཧྲི་སྨི་ཨར་ས་ཁུལ་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དབང་གིས་འབྲེལ་བ་ཛ་དྲག་ཡིན་པའི་གནས་ཚུལ་གསར་བ་ངོ་སྤྲོད་བྱས་ཏེ་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་པ་དང་། གནས་བབ་རིམ་སྤར་བཟོ་སྲིད་པའི་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱེད་བཞིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཐུས་ཚང་གི་བྱ་ཐབས་ལ་བརྟེན་ནས་དུས་བབ་ལ་དོ་དམ་ཚོད་འཛིན་བྱེད་པར་ནུས་ཤུགས་བཏོན་ནས། ཀྲུང་གོའི་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་འབྲེལ་འདྲིས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་གནས་བབ་འཕེལ་རྒྱས་འབྱུང་བར་དོ་སྣང་བྱེད་བཞིན་ཡོད། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཇིགས་སྐུལ་པ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྡོ་རྗེ་སྤུན་གྲོགས་དང་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་ཡིན་པའི་ཆ་ནས། ཀྲུང་གོས་ཕ་ཁི་སི་ཐན་གྱི་བདེ་འཇགས་ལ་ཐུགས་ཁུར་གནང་བཞིན་ཡོད་ལ། ཕ་ཁི་སི་ཐན་གྱིས་རང་ཉིད་ཀྱི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་གང་མགྱོགས་ཀྱིས་འདྲ་མཉམ་བརྟག་དཔྱད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། འགལ་འདུ་ཡིས་ཧིན་རྡུ་དང་ཕ་ཁི་སི་ཐན་སོ་སོའི་རྩ་བའི་ཁེ་ཕན་དང་མི་འཚམ་ལ། ས་གནས་ཀྱི་ཞི་བདེ་དང་བརྟན་བརླིང་ལའང་མི་འཚམ་པ་རེད། རེ་བར་ཕྱོགས་གཉིས་ཀས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས་བློ་ཁ་གཅིག་ལ་ཕྱོགས་རྒྱུ་དང་གནས་བབ་ཛ་དྲག་ཅན་དུ་མི་གཏོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།