སྡེ་ཁག་གསུམ་གྱིས“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི”བྱ་འགུལ་ཐེངས་ལྔ་པ་སྤེལ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བ”ཐེངས་ལྔ་པ་ཡིན། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས《2025ལོའི“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི”བྱ་བའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

《ཇུས་གཞི》ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། “དམངས་དོན་ཁྲིམས་གཞུང་ཁེ་ལས་སུ་བསྐྱོད་པའི”བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས། ཁེ་ལས་ཀྱིས་ཡིད་རྟོན་དང་ཁྲིམས་སྲུང་གི་གཉེར་སྐྱོང་འདུ་ཤེས་དང་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཁེ་ལས་ཀྱིས་ཉེན་ཁའི་འགོག་ཟོན་སེལ་བ་དང་། ཁྲིམས་ལྟར་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རོགས་རམ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

《ཇུས་གཞི》ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་འབུར་དུ་ཐོན་དགོས། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། འདྲ་མཉམ་དང་། རང་མོས། དྲང་རྟོན། སོགས་གཞི་རྩའི་རྩ་དོན་གཙོ་གནད་དུ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས། དེ་མིན་གཙོ་གཞིའི་འདྲ་མཉམ་རྒྱུན་འཁྱོངས་དང་། རྒྱུ་ནོར་ཀྱི་དབང་ཆ་སྲུང་སྐྱོང་བྱ་རྒྱུ། ཉོ་ཚོང་བརྒྱུད་བཤུག་སྟབས་བདེ་རུ་གཏོང་བ། དབང་གནོད་འགན་འཁྲི་བདའ་འདེད་སོགས་གཞི་རྩའི་བླང་བྱ་དང་འབྲེལ་ཡོད་གཏན་འབེབས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད་ཇེ་ལེགས་སུ་གཏོང་བ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ཀྲུང་གོའི་ཁེ་ལས“ཕྱི་རོལ་དུ་བསྐྱོད་པ”སོགས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་གཏིང་ཟབ་བྱེད་དགོས།

བྱ་འགུལ་སྐབས་སུ། གཙོ་གནད་དུ་མུ་འབྲེལ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཀན་སུའུ་ཞིང་ཆེན་དུ་རྒྱལ་ཡོངས་གྱི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་བསྡུས་དཔེ་སྟོན་དང“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི”སྐུལ་འདེད་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་པའི་དཔེ་མཚོན་གྱོད་དཔེ(སྐོར་གསུམ་པ)ཁྱབ་བསྒྲགས་བྱ་རྒྱུ་དང་། “དམངས་དོན་ཁྲིམས་གཞུང་གིས་དམངས་གཉེར་དཔལ་འབྱོར་ལ་འདྲ་མཉམ་སྲུང་སྐྱོང་བྱེད་པར”དམིགས་ནས་ཆེད་དོན་སློབ་ཁྲིད་དཔེ་ཁྲིད་གནང་རྒྱུ་ཡིན་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་ནས་ལོ་འཁོར5ལོན་པ་གོ་སྐབས་སུ་བརྩིས་ནས་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་ཏེ། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་པའི་དཔེ་མཚོན་གྱོད་དཔེ(སྐོར་བཞི་པ)ཁྱབ་བསྒྲགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།