ཐོན་ལས་བཟོ་པ་ནི་བཟོ་པའི་གྲལ་རིམ་གྱི་སྟོབས་ཤུགས་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་བཟོ་པའི་བསམ་བློ་ཁྲིད་སྟོན་དང་། བྱས་རྗེས་འཇོག་པ། བྱང་ཚད་མཐོར་གཏོང་། གནས་བབ་མཐོར་འདེགས། དཔུང་ཁག་ཆེར་གཏོང་སོགས་ཀྱི་བསྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཕུགས་བསམ་ལྡན་ཞིང་དད་སེམས་སྲུང་བ་དང་། ལག་རྩལ་ཤེས་ཤིང་གསར་གཏོད་བྱེད་ཤེས་པ། འགན་ཁུར་ཕོད་ཅིང་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་དགོས་ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་རྒྱ་ཆེའི་ཐོན་ལས་བཟོ་པའི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། ལག་རྩལ་རྩལ་ནུས་བྱང་ཚད་ཡོངས་ཁྱབ་ངང་མཐོ་རུ་སོང་བ། འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་བར་སྟོང་སྔར་བས་ཡངས་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གཙོ་ཤུགས་དམག་གི་ནུས་པ་སྔར་བས་འབུར་དུ་ཐོན་ཡོད།
ཀོང་ཞི་རུ། སྤྱི་ཟླ་4པའི་ཚེས་27ཉིན་ཕིང་ལུའུ་མིས་བཟོས་གཙང་པོའི་ཆི་ཧྲིའི་ལྟེ་བའི་ཆུ་འདྲེན་བར་ཁྱམས་ཡོངས་སུ་ལས་མཇུག་བསྒྲིལ་ནས་འཛམ་གླིང་རིམ་པའི་མིས་བཟོས་གཙང་པོའི་བརྗིད་ཉམས་མངོན་ཡོད། ཀྲེ་ཅང་དུ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་24འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཐོན་ལས་མགྱོགས་མྱུར་གསར་སྒྱུར་ལ་སྐུལ་འདེད་གཏོང་བཞིན་པ། ཀུའེ་ཀྲོའུ་རུ། ཧྭ་ཅང་གྲོག་རོང་ཟམ་ཆེན་དེ་ལས་མཇུག་འགྲིལ་བའི་སྦྲེལ་ཚིགས་ཕྱོགས་སུ་མཐའ་མའི་གདོང་མཆོང་བྱེད་བཞིན་ཡོད་པས། སྔོན་དཔག་བྱས་ན་ལོ་སྨད་དུ་བསྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དཔྱིད་ཀ་འདིར། ལས་གྲྭ་གལ་ཆེན་དང་རྣམ་གྲངས་གལ་ཆེན་རེ་རེའི་ལས་ཡུལ་དངོས་སུ་ཐོན་ལས་བཟོ་པ་ཚོས་ནུས་ཤུགས་གང་ལེགས་འདོན་བཞིན་ཡོད་ཅིང་། ཁོང་ཚོས་གསར་གཏོད་ལ་བརྟེན་ནས་ལག་རྩལ་གྱི་བཀག་རྒྱ་གཏོར་ནས། ཧའོ་སྨི་རིམ་པའི་ཞིབ་ཚད་ཀྱིས“རྒྱལ་ཁབ་ཆེན་པོའི་ལག་ཆ་གལ་ཆེན”ཞིབ་བཟོར་བརྟེན་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་དབྱར་མཚོ་རྒྱས་ལྟར་གྱི་སྒུལ་ཤུགས་སྣོན་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཐད་ཇུས་འགོད་དང་བཀོད་སྒྲིག མཛུབ་ཁྲིད་བཅས་གནང་ཡོད། ཁོང་གིས། དེང་གི་འཛམ་གླིང་ཐོག ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ནི་མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་ངལ་རྩོལ་པའི་བྱང་ཚད་ཀྱི་འགྲན་རྩོད་ཅིག་ཡིན། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་རྒྱུར་དམིགས་ནས། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག ཤེས་ཡོན་ཅན་དང་རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་ཆེན་པོ་ཞིག་གང་མགྱོགས་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས་ཞེས་བསྟན་གནང་ཡོད།
བློ་ཐབས་མཁས་པོས་ཕུགས་འདུན་དོན་གཉེར་དང་། རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། མིག་སྔར། རང་རྒྱལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་སྤྱི་འབོར་དུང་ཕྱུར་2ལས་བརྒལ་བ་དང་། རྒྱལ་ཁབ་ཀྱིས“རྩལ་ནུས་ཀྲུང་གོའི་བྱ་སྤྱོད”དང་། ས་གནས་ས་ཐོག་གི་བཟོ་སྐྲུན་པ་ཆེད་དོན་གསོ་སྐྱོང་འཆར་གཞི། གཞོན་ནུ་རྩལ་ནུས་ཤེས་ལྡན་མི་སྣ་སྦྱོང་བརྡར་བྱ་སྤྱོད་བཅས་ལག་ལེན་ཤུགས་ཆེན་བསྟར་བས། སྲིད་ཇུས་ཕན་ཚུན་འབྲེལ་མཐུད་བྱེད་པའི་རྩལ་ནུས་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་མ་ལག་20ལྷག་ཙམ་གྲུབ་ཡོད་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཆེ་རུ་གཏོང་བཞིན་ཡོད།
དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་རྒྱལ་ཁབ་ཀྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཡིན་པས། ཐོན་ལས་རིག་ནུས་ཅན་དང་། སྦགས་མེད་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། འཕྲལ་དུ་དེ་དང་འཚམ་པའི་བྱང་ཚད་མཐོ་བའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལག་ཤེས་པའི་སློབ་གླིང་100ཡི་གྲངས་འཛིན་རིག་ནུས་ཅན་གྱི་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཧེ་ལུང་ཅང་ཞིང་ཆེན་གྲངས་འཛིན་ལག་ཤེས་པའི་སློབ་གླིང་དུ་ཁེ་ལས་བརྒྱ་ཙམ་གྱི་ཐོན་ལས་བཟོ་པས་བཟོ་ལས་འཕྲུལ་མི་དང་མདའ་མང་གྲངས་འཛིན་ལས་སྣོན་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་ལག་རྩལ་མ་ལག་ལ་དམིགས་ཏེ། གྲངས་འཛིན་དཔལ་འབྱོར་གྱི་འགྲན་ལམ་གསར་པར་ནུས་ཤུགས་ཡོད་རྒུས་ཞུགས་བཞིན་ཡོད། རྒྱལ་ཁབ་ཆེན་པོའི་བཟོ་བོའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གྲྭ་ལག་ལེན་བསྟར་བ། ཆིང་ཧྭ་སློབ་ཆེན་དུ་རྒྱལ་ཡོངས་ཀྱི་འཐབ་ས་དང་པོའི་ཐོན་ལས་བཟོ་པའི་ཁྲོད་ནས་བདམས་པའི་གསོ་སྐྱོང་བྱ་ཡུལ་གྱི་ཁ་གཏད་ནང་རྩེར་སོན་གྱི་དགེ་རྒན་ཡོད་ཅིང་། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ཡོན་ཧྲི་རྣམས་ཀྱིས་ཁོང་ཚོ་དང་ལྷན་དུ་ལས་རིགས་ཁེ་ལས་ཀྱི་ལག་རྩལ་དཀའ་གནད་འགག་སྒྲོལ་བྱེད་བཞིན་ཡོད།
ཐོན་ལས་བཟོ་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་བར་སྟོང་རྒྱ་བསྐྱེད་གཏོང་རྒྱུ་དེ། ཐོན་ལས་བཟོ་པའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད། “རིམ་པ་བརྒྱད་པའི་བཟོ་པ་གསར་པའི”ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་ལག་ལེན་བསྟར་ཚུན། ས་གནས་ཁག་གིས་རིམ་རྩིས་བྱས་ན་ཁྱད་རིམ་ལག་རྩལ་པ་དང་དབུ་བཞུགས་ལག་རྩལ་པ་4000ལྷག་ཙམ་གདན་ཞུ་བྱས་ཡོད། ཁེ་ལས་སྔར་ལས་མང་བས་ཆེད་ལས་ལག་རྩལ་དང་། གཉེར་སྐྱོང་དོ་དམ། རྩལ་ནུས་ལས་གནས་བཅས་ཁྱབ་ཁོངས་དང་བང་རིམ་མི་འདྲ་བའི་བར་ལ་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཐོན་ལས་བཟོ་པ་རྣམས་གོང་འཕེལ་འཐབ་ཇུས་གལ་ཆེན་དང་ཚན་རྩལ་འགག་སྒྲོལ་སོགས་ཁྱབ་ཁོངས་ནང་“ཞུགས་རྒྱུར”སྐུལ་མ་བཏང་བས། རྒྱ་ཆེའི་ཐོན་ལས་བཟོ་པའི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད།
སྤྱི་ཚོགས་རིང་ལུགས་ནི་ལས་དོན་སྒྲུབ་ནས་བྱུང་བ་ཞིག་ཡིན་པ་དང་། དུས་རབས་གསར་པ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། འབད་བརྩོན་ཡར་ཐོན་གྱི་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་ཐོན་ལས་བཟོ་པས་རང་གི་ལག་གཉིས་ལ་བརྟེན་ནས“རྒྱལ་ཁབ་ཆེན་པོའི་ལག་ཆ་གལ་ཆེན”བཏོད་པ་དང་། བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས“ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན”པའི་དུས་རབས་ཀྱི་ནང་དོན་ལ་གསལ་འགྲེལ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་སྟོབས་ཤུགས་དེ་བས་ཆེ་བ་འདོན་སྤེལ་བྱེད་བཞིན་ཡོད།