ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས26ཉིན་རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་ཐེང་ཁྲུང་དུ་འཚོགས་པའི་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ཀྱི་ཡུལ་དངོས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ(གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན)ལས་བསྡོམས་པས་མཐའ་མཚམས་ཞིང་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར252རྩིས་སྤྲོད་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་དང་། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་སོགས་མཐའ་དར་དམངས་ཕྱུག་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས།
རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ་གཙོ་བོས་ཚོགས་འདུའི་སྟེང་བཤད་རྒྱུར། མཐའ་མཚམས་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་། གསར་དར་ཐོན་ལས་ལ་སྐུལ་སློང་བྱེད་པ། སྲོལ་རྒྱུན་ཐོན་ལས་རིམ་སྤར་བཅས་བྱས་ཏེ། སྣ་མང་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་དེང་རབས་ཀྱི་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཏེ། མཐའ་མཚམས་ཡུལ་སྐོར་དང་། རྒྱལ་མཚམས་བརྒལ་བའི་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར་སོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད་ཟེར།
རྗེས་མར་རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐོན་ལས་མཐའ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “དམངས་གཉེར་ཁེ་ལས་མཐའ་མཚམས་སུ་བསྐྱོད་པའི”འགུལ་སྐྱོད། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཟོང་རྟགས་གསོ་སྐྱོང་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “མཐའ་མཚམས་ཀྱི་དམིགས་བསལ་ཐོན་རྫས་རྒྱལ་ཡོངས་སུ་བཙོང་བའི”བྱ་འགུལ་སྤེལ་བར་རྩ་འཛུགས་ཡག་པོ་བྱས་ཏེ། ཁྱད་ལྡན་མཐུན་རྐྱེན་བཟང་བའི་ཐོན་ལས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ཁྲོད་ཞུགས་པར་རོགས་རམ་བྱས་ནས། མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད། །