མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2025ལོའི་དུས་ཚིགས་དང་པོ་ལ། རང་ཞིང་གི་རིམ་ཁག་དམངས་སྲིད་ལས་ཁུངས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ་ཆེ་བའི་གནད་དོན་ལ་དམིགས་ཏེ། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་ཐོབ་པ་བྱས་ནས་གཞི་རྩའི་དམངས་ཚིས་འགན་སྲུང་གི་མ་མཐའི་ཚད་ཐིག་དམ་འཛིན་དང་བརྟན་པོ་ཡོང་བར་བྱ་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལ“སེམས་དྲོ་བའི་གདུགས”བཀར་ཞིང“འགན་སྲུང་དྲ་རྒྱུ”དམ་པོ་བསླས། ཟླ3པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་ཁྲི34.94དང་། དམིགས་བསལ་དབུལ་ཕོངས་འཚོ་སྐྱོང་མི་སྣ་ཁྲི1.87ཡོད་ལ། གནས་སྐབས་མི་ཁྲི1.55ལ་རོགས་སྐྱོབ་བྱས་ཡོད་པ་དང་། རིམ་རྩིས་བྱས་ནས་རོགས་སྐྱོབ་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར6.11བཏང་།
ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་གནས་སྐབས་རོགས་སྐྱོབ་ལས་དོན་ལག་བསྟར་བྱེད་ཐབས》པར་འགྲེམས་བྱས་ཏེ། རོགས་སྐྱོབ་ཀྱི་རིགས་ཇེ་ཞིབ་ཏུ་དང་།འགྲོ་སོང་རྣམ་པའི་རོགས་སྐྱོབ་བྱ་ཡུལ་གཞན་དག་གསར་དུ་བསྣན་ནས་གནས་སྐབས་རོགས་སྐྱོབ་ཞིབ་བཤེར་གཏན་འཁེལ་གྱི་དུས་ཚད་ཇེ་ཐུང་དུ་བཏང་བ་དང་། ལྷག་པར་དུ་ཐོ་འགོད་བྱས་པའི་འགན་སྲུང་བྱ་ཡུལ་ལ་དམིགས་ནས་རོགས་སྐྱོབ་དུས་ཚད་ལས་ཉིན7ནས་ཆུ་ཚོད48བར་ཇེ་ཐུང་དུ་བཏང་ནས་ གནས་སྐབས་རོགས་སྐྱོབ་ཀྱི་དུས་ཡུན་ཇེ་མཐོར་ཏན་ཏིག་དང་མྱུར་སྐྱོབ་དཀའ་ངལ་སེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། 《ཡོང་འབབ་དམའ་བའི་མི་འབོར་ངོས་འཛིན་དང་རོགས་སྐྱོབ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཏེ། “མི་རྐྱང་འགན་སྲུང་”ངོས་འཛིན་བྱེད་པའི་ཆ་རྐྱེན་འོས་འཚམ་ཞི་ལྷོད་དུ་བཏང་བ་དང་། རོགས་སྐྱོར་གྱི་མཐའ་མར་ལྷུང་བའི་ཁྱིམ་ཚང་ནང་གི་ནུས་པ་རྦད་དེ་ཤོར་བའི་རྒན་རྒོན་རྣམས་ཀྱིས་གཅིག་པུས་རེ་ཞུ་བྱས་ཆོག་པ་བཏོན་ཏེ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་ཕན་འབྲས་ཇེ་ཆེར་གཏང་བར་སྐུལ་འདེད་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་གཏན་འཁེལ་ལེགས་སྒྲིག་ལས་དོན་སྔར་བས་ལེགས་སྒྲུབ་བྱ་བའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ། གོང་གི་ལོ་འཁོར་གྱི་གྲོང་མིའི་མི་རེའི་འཛད་སྤྱོད་གཏོང་སྒོ་ལྟེ་བའི་དཔྱད་གཞིའི་དམིགས་ཚད་དུ་བྱས་ཏེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་རྩ་དོན་ཐོག་ལོ་འཁོར་གོང་མའི་གྲོང་མིའི་མི་རེའི་འཛད་སྤྱོད་གཏོང་སྒོའི30%ནས་40%བར་གཏན་འཁེལ་བྱས་པ་དང་། གྲོང་གསེབ་ཀྱི་འཚོ་བའི་འགན་སྲུང་ཚད་གཞི་རྩ་དོན་ཐོག་ལོ་འཁོར་གོང་མའི་གྲོང་མིའི་མི་རེའི་འཛད་སྤྱོད་གཏོང་སྒོའི35%ནས45%བར་གཏན་འཁེལ་བྱས། དེ་དང་ཆབས་ཅིག་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལེགས་སྒྲིག་བྱེད་པའི་དབང་ཚད་གྲོང་ཁྱེར(ཁུལ)རིམ་པ་དང་པོར་སྤྲད་དེ། གྲོང་ཁྱེར(ཁུལ)ཁག་གིས་ས་ཁོངས་དེའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ནོར་སྲིད་ཀྱི་ཡོང་འབབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད། གཞི་རྩའི་འཚོ་བའི་མ་གནས་ཀྱི་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཚན་རིག་དང་མཐུན་པའི་ཚོད་རྩིས་དང་འགུལ་རྣམ་དཔྱད་དཔོག་ཐོག མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་རང་བདག་གིས་གཏན་འཁེལ་བྱས།
མིག་སྔའི་བར་ས་ཁུལ་མང་ཆེ་བར་འཚོ་བའི་འགན་སྲུང་ཚད་གཞི་འགུལ་རྣམ་ལེགས་སྒྲིག་ལས་དོན་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་འགན་སྲུང་ཚད་གཞི་ལོ་གོང་མ་དང་བསྡུར་ན་ཟླ་རེར་སྒོར39འཕར་བ་དང་། གྲོང་གསེབ་ཀྱི་འཚོ་བའི་འགན་སྲུང་ཚད་གཞི་ལོ་གོང་མ་དང་བསྡུར་ན་ལོ་རེར་སྒོར132འཕར། ཡོང་འབབ་དམའ་བའི་མི་འབོར་སྔོན་བརྡའི་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མ་ལག་ལ་བརྟེན་ནས་དོགས་གཞི་ཡོད་པའི་གཞི་གྲངས་ཁྲི1.31དུས་ཐོག་ཏུ་བཀྲམས་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་རྒྱུན་ལྡན་མིན་པའི་འགྱུར་ལྡོག་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་ཕྱིར་འཐེན་ནམ་ཡང་ན་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག ཟླ3པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་མི་གྲངས་ཁྲི0.78གསར་དུ་བསྣན་པ་དང་མི་ཁྲི0.39མ་མཐའི་འགན་སྲུང་ལས་ཕྱིར་འཐེན་བྱས།