ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས།
《བསམ་འཆར》ལས་བསྟན་དོན། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་རིམ་སྤོར་བྱེད་པའི་འཐབ་ཇུས་ནི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་དགོས་ལ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་སྣེ་ཁྲིད་དང་ལམ་ལུགས་ཀྱི་གསར་གཏོད་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་འཆར་འགོད་དང་མ་ལག་འདུས་གྲུབ་ལ་ཤུགས་བསྣན་ནས། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དེ་རྒྱལ་ནང་དང་རྒྱལ་སྤྱི་རུ་འཁོར་སྐྱོད་ལེགས་པོ་བྱེད་ཐུབ་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཏུ་འགྱུར་བ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དཔེ་སྟོན་གྱི་ནུས་པ་སྔར་ལས་ལེགས་པོར་འདོན་སྤེལ་བྱེད་དགོས།
《བསམ་འཆར》ལས་བསྟན་དོན། ལོ་ལྔ་ཡས་མས་ཀྱི་གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་བྱས་པ་བརྒྱུད། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་ཆུ་ཚད་དང་མ་ལག་རང་བཞིན་གྱི་བཅོས་སྒྱུར་ཕན་འབྲས། སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།
《 བསམ་འཆར》ལས་བསྟན་དོན། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། དངོས་ཟོག་གི་ཉོ་ཚོང་ཇེ་ལེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། ཉོ་ཚོང་ཞབས་ཞུའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། ཉོ་ཚོང་གཞི་གྲངས་ཀྱི་གསར་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་དགོས། དངུལ་གཏོང་རང་མོས་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་ནས་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་གྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་དགོས། གཞི་གྲངས་ནུས་མཐོ་སྟབས་བདེ་དང་བདེ་འཇགས་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞི་གྲངས་རྒྱལ་མཚམས་ལས་བརྒལ་བའི་འཁོར་རྒྱུག་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
《 བསམ་འཆར》ལས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག བཅོས་སྒྱུར་མཁྲེགས་གཏོར་གྱི་ནུས་པ་ཆེ་རུ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དངོས་འབེབ་བཟང་པོ་བྱེད་དགོས།