ཟླ4པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་རྒྱུད་ཁོངས་ཀྱིས“རེའུ་གཅིག་ཐོ་གཅིག་རིས་གཅིག་ལམ་སྲོལ་གཅིག”དངོས་འབེབས་ཟབ་མོ་བྱས་པ་དང་། ལྟ་ཞིབ་བཀོད་གཏོང་དང་ལས་མགོ་རྩོམ་ཞིང་ཐོན་ལས་བསྐྱར་གསོ། ཁེ་ལས་སུ་ཞུགས་པའི་ཞབས་ཞུ། གཞི་ཁྱོན་སྤར་ཞིང་གཅིག་སྡུད་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་བ། “1+4+10”ལས་དོན་ལམ་སྲོལ་གསར་གཏོད་འཛུགས་སྐྲུན་བྱས་པ། སྟོབས་ཤུགས་ཡོད་རྒུས་ཐོན་སྐྱེད་ལ་སྐུལ་བ་དང་དགོས་མཁོ་སྐྱེད་པ། སྔོན་དཔག་བརྟན་པ་བཅས་བྱས་པ། “ཁེ་ལས་སུ་ཞུགས་པའི་ཞབས་ཞུ་དང་ཡུལ་དངོས་སུ་གཞུང་སྒྲུབ་བྱེད་པའི”འགུལ་སྐྱོད་གཙོ་སྐུད་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་ཐོག་བཟང་འཕེལ་ལ་སྐུལ་འདེད་བཏང་བས། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་དུས་མཉམ་ལས6.4%འཕར་ཡོད།
ད་ལོའི་ལོ་མགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གོང་འཕེལ་བརྟན་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད39ཡིས་རིམ་པ་བཞིན་གཙོ་གནད་ཁེ་ལས39ལ་སྦྲེལ་མཐུད་བྱས་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ། ཁེ་ལས་ཀྱི་གནད་དོན་རེ་ཞུ་དུས་ལྟར་ཁོང་དུ་ཆུད་པ། ཡུལ་དངོས་དང་པོར་ཟབ་ཞུགས་དང་ཆེད་དོན་ཞིབ་འཇུག་བྱས་པ། རྗེས་སྙེག་དང་དངོས་འབེབས་བཟུང་བ། སྣེ་ཁྲིད་ནས་ཁེ་ལས་ལ་ཞབས་ཞུ་དང་སྲིད་ཇུས་བསྐྱལ་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་ཕན་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དངོས་ལ་ཕབ་ནས་ཕན་འབྲས་མཐོང་བར་ལངས་གནས་མཐོན་པོས་སྐུལ་འདེད་བཏང་། མིག་སྔར་བར་དུ། ཁེ་ལས17གྱིས་བསམ་འཆར་གྲོས་གཞི60ཡར་ཞུ་བྱས་པ་དང་། དེ་ཚང་མ་འབྲེལ་ཡོད་འགན་ནུས་སྡེ་ཁག་སོ་སོར་སྤྲད་ནས་མཐུན་སྦྱོར་དངོས་འབེབས་བྱས་ཟིན་ལ། གཙོ་གནད་ཁེ་ལས་བརྟན་ཐོག་བདེ་ཐང་གིས་འཕེལ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་ཁྲོམ་ར་རྒྱ་ཆེན་དུ་སྒྲུབ་པ་དང་ཐོན་ལས་སྟོབས་ཆེན་དུ་སྒྲུབ་པར་རོགས་རམ་བྱས།
ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས་གཙོ་གནད་ས་ཁུལ་ལ་དམིགས་པ་དང་། རྒྱུ་རྐྱེན་འགན་ལེན་ལ་དམིགས་ཤིང་། སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཁོར་སྐྱོད་ཆེད་དོན་བཀོད་གཏོང་ཚོགས་འདུ་ཐེངས5རྩ་འཛུགས་བྱས་ནས་བསྡུས་པ་དང་། ཁེ་ལས་ཀྱིས་སྟོབས་ཤུགས་འཁོར་སྐྱོད་དང་རླངས་སྤྱོད། གློག་སྤྱོད། དངུལ་བསྡུ་བཅས་ཀྱི་དགོས་མཁོ་མཐུན་སྦྱོར་ཐག་གཅོད་བྱས་པ། གཙོ་གནད་ཁེ་ལས་དང་ལས་རིགས། ཁེ་ལས་བཅས་ཀྱི་འདེགས་སྐྱོར་ནུས་པ་འདོན་པར་ལྟ་སྐུལ་མཛུབ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་ཏུན་ཁྲི676.1ལ་བསླེབས་པ་དང་། དུས་མཚུངས་དང་བསྡུར་ན11.3%འཕར། རང་བྱུང་རླངས་འཛད་སྤྱོད་བྱས་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར15.3ལ་བསླེབས་པ་དང་། དུས་མཉམ་དང་བསྡུར་ན11%འཕར། དངུལ་ཁང་ལས་རིགས་དང་དངུལ་རྩའི་ལས་ཁུངས11དང་བཟོ་ལས་ཁེ་ལས27བར་སྒོར་དུར་ཕྱུར30.6ཡིད་རྟོན་དངུལ་བུན་མཉམ་ལས་བྱས། དུས་མཚུངས་སུ། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་ངམ་ས་ཁུལ་བཅས་རིམ་པ་གསུམ་གྱི་ལས་བྱེད་པས་ཁེ་ལས་ཀྱི་ཞབས་ཞུ་འགན་ལེན་བྱེད་པའི་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་བ། ཁེ་ལས་ཀྱི་རེ་ཞུ་ཁོང་དུ་ཆུད་པ་དང་གནད་དོན་གསལ་ཐོ་འཛུགས་པ། ངལ་གསོ་དཀའ་སེལ་ལ་དམིགས་ཤིང་། རིམ་རྩིས་ལྟར་ན་ཁེ་ལས324རུ་ཁེ་ལས་སུ་ཞུགས་པའི་ཞབས་ཞུ360ལྷག་ཟབ་མོར་སྤེལ་བ། གནད་དོན་བསམ་འཆར་གྲོས་གཞི212བསྡུས་ཤིང་དེ་ལས87མཐུན་སྦྱོར་ཐག་གཅོད་བྱས་པ་དང་། བསམ་འཆར125སོ་སོར་བསྒྲུབ་པར་སྤྲད་ཅིང་། ཁེ་ལས་ཀྱིས་ཐོན་སྐྱེད་བརྟན་པ་དང་ཚད་ལ་བསླེབ་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས།
ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་ཟབ་མོ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་རྒྱུད་ཁོངས་ཀྱི་བྱེད་ཐབས23ལ་དམིགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་ལས་ཆ་འཕྲིན་སྡེ་ཁག་གིས་གཙོ་གནད་ཐོན་ལས་ཕྲེང་འབྲེལ་རིས་འགྲེལ་བཟོ་བར་མཛུབ་སྟོན་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ཚོང་འགུག་ལས་གཞི་མཛོད་འཛུགས་པ། དམིགས་འབེན་ཁེ་ལས་གསེད་བཀྲོལ་གཏན་འབེབས་བྱས་ཏེ། གཙོ་གནད་ཚོང་འདྲེན་ལས་གཞི་འཆར་གཞི་བཀོད། དུས་ཚིགས་དང་པོར། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རུ་ཁག་ཁྲིད་ནས་ཕྱི་ཕྱོགས་སུ་ཚོང་འགུག་ཐེངས16བྱས་པ་དང་། ཚོང་འགུག་དངུལ་འདྲེན་ལས་གཞི111ལ་མིང་རྟགས་བཀོད་ཅིང་། མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར1080.7ལ་བསླེབས། །