མདོ་ལ་རྫོང་གིས་ཚོང་འགུག་དངུལ་འདྲེན་གྱིས་དཔྱིད་དུས་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། ནུས་ཁུངས་གསར་བ་དང་། སྐྱེ་ཁམས་ཕྱུགས་ལས། མཁའ་དབྱིངས་དཔལ་འབྱོར་སོགས་གཙོ་གནད་ཐོན་ལས་དང་དམ་དུ་འབྲེལ་ནས། ཚོང་འགུག་དངུལ་འདྲེན་དང་། གཙོ་གནད་རྣམ་གྲངས་མཁྲེགས་གཏོར། འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་བཏང་ནས། ཁྱོན་ཡོངས་ནས་ལས་སྐྲུན་གྱི་མཐོ་རླབས་ཤིག་འཕྱུར་བར་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་བསྩལ། ད་ལྟའི་བར་དུ། མདོ་ལ་རྫོང་གི་སའེ་ཆུ་མིག་གསར་སྤེལ་སོགས་ཀྱི་རྣམ་གྲངས་ལ་མིང་རྟགས་བཀོད་པ་དང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར13.7བཏང་བ་དང་། ཚོང་འགུག་དངུལ་འདྲེན་རྣམ་གྲངས38གསོག་ཉར་བྱས་ཤིང་། དཔག་རྩིས་བྱས་ན་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར181.1ལ་སླེབས། 

མདོ་ལ་རྫོང་གིས་ཚོང་འགུག་དངུལ་འདྲེན་བྱ་བའི་ཆེད་དོན་བཙུགས་པ་དང་། ནུས་ཁུངས་གསར་བ་དང་། ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར། མཁར་གྲོང་འཛུགས་སྐྲུན། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས། བཟོ་ལས་གླིང་ཁུལ། ཁྱད་ལྡན་ཐོན་ལས་བཅས་གཙོ་ཁྲིད་ཐོན་ལས7གྱི་ཚོང་འགུག་འགན་སྲུང་ཚན་ཆུང་འཛུགས་སྐྲུན་བྱས་ཏེ། “རྫོང་རིམ་པའི་མགོ་ཁྲིད་གཅིག་དང་། སྣེ་ཁྲིད་ལས་ཁུངས་གཅིག ཞབས་ཞུའི་ཚོགས་པ་གཅིག ”བཅས་ཀྱི་ཚོང་འགུག་རྣམ་པ་གཞི་གཅིག་ཅན་འཛུགས་སྐྲུན་བྱས་ཏེ། རིམ་པ་རེ་རེ་བཞིན་དོན་འཁྱོལ་དང་། མི་རེ་རེའི་འགན་ཁུར་བའི་བྱ་བའི་སྒྲིག་སྲོལ་གྲུབ་པར་བྱས། 

མདོ་ལ་རྫོང་གིས་ཚོང་འགུག་དངུལ་འདྲེན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བར་བྱས་ཏེ། ཁྱོན་ཡོངས་ནས་“མྱུར་ཚད་ཡོངས་ཀྱི་ཚོང་འགུག”གི་རྣམ་པ་གསར་བ་མགོ་བརྩམས་ཏེ། པེ་ཅིན་དང་། སི་ཁྲོན་སོགས་ས་གནས་སུ་མདོ་ལ་རྫོང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། མིང་རྟགས་འགོད་པའི་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚོང་འགུག་དངུལ་འདྲེན་གྱི་ནུས་ཤུགས་མཐོར་འདེགས་དང་། རྫོང་ཁོངས་ཀྱི་ཚོང་འགུག་དང་། གླིང་ཁུལ་གསར་སྐྲུན་ཚོང་འགུག་གསར་བར་སྣེ་ཁྲིད་དེ། རོགས་སྐྱོར་ཚོང་འགུག་སོགས་ཀྱི་ཚོང་འགུག་བྱ་འགུལ་ཆེན་པོ་སྣ10དོན་འཁྱོལ་བྱས། 

དེ་མིན། མདོ་ལ་རྫོང་གིས་ཧུར་ཐག་གིས“རྣམ་གྲངས་མིང་རྟགས་འགོད་པ་དང་། ལས་མགོ་རྩོམ་པ། དེ་ནས་ལེགས་འགྲུབ་བྱས་ཏེ་ཐོན་སྐྱེད་བྱེད་མགོ་རྩོམ་པའི”གཞི་གཅིག་ཅན་གྱི་རྗེས་འདེད་ཞབས་ཞུའི་སྒྲིག་སྲོལ་གསར་སྐྲུན་བྱེད་པ་དང་། རྣམ་གྲངས་ཀྱི་ས་བེད་སྤྱོད་སོགས་ཀྱི་ཐད་དམ་དུ་འབྲེལ་ཏེ། གོ་རིམ་ཧྲིལ་བོ་དང་། དུས་ཚོད་ཧྲིལ་བོ། རྣམ་གྲངས་གཙོ་གནད་ཀྱི་འགན་གཙང་ལེན་ལས་སྒྲུབ་སྐུལ་འདེད་སྒྲིག་སྲོལ། མདོ་ལའི་སའེ་ཆུ་མིག་གསར་སྤེལ་རྣམ་གྲངས་རྗེས་འདེད་ཞབས་ཞུ་འཐུས་ཚང་དུ་བཏང་ནས། སི་ཁྲོན་ལིའི་ཀི་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་སིའི་ཁེ་ལས་སུ་འདུག་པ་དང་། ཀུང་སི་ཐོ་འགོད། སྒོ་བྱང་འགེལ་བ་སོགས་ཀྱ་བྱ་བར་རོགས་སྒྲུབ་བྱས། དུས་མཚུངས་སུ། ཚོང་འགུག་ཁེ་ལས་ཀྱི་དཀའ་ཁག་དང་། དཀའ་གནད་གནད་དོན་ལ་དམིགས་ཏེ། ཆེད་སྒྲུབ་བྱེད་ནུས་འདོན་སྤེལ་བྱས་ནས། ཆེད་དོན་ཞིབ་འཇུག་དང་། ཆེད་དོན་ཐག་གཅོད་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། ཞབས་ཞུ་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱས། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།