སྤྱི་ཟླ4ཚེས12ཉིན། པེ་ཅིང་གྲོང་ཁྱེར་ཡ་ཁྲང་སྒྱུ་རྩལ་ལྟེ་གནས་སུ་བོད་ལྗོངས་ས་སྐྱ་དགོན་པའི་ས་སྐྱ་རིག་གནས་ཞིབ་འཇུག་ཁང་གིས་ལེགས་སྒྲིག་བྱས་ཤིང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ། པེ་ཅིང་ཡ་ཁྲང་ཀུང་སིས་པར་འདེབས་བྱས་པའི་པོད85ཡི་བདག་ཉིད་ཅན་གྱི་དཔེ་ཚོགས«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཅེས་པའམ་བསྡུས་པའི་མཚན་ལ«ས་སྐྱ་བཀའ་འབུམ»ཞེས་པའི་དཔེ་ཕུད་འགྲེམ་པའི་མཛད་སྒོ་འཚོགས། དེ་ནི་ས་སྐྱའི་རིག་གནས་ཞིབ་འཇུག་ཁང་གིས་བགྲང་བྱ་ཉི་ཤུ་ལྷག་ཙམ་འཚོལ་བསྡུ་དཔེ་བསྡུར་ལེགས་སྒྲིག་བཅས་གནང་བའི་པོད230ལྷག་ཙམ་གྱི་བདག་ཉིད་ཅན་གྱི་དཔེ་ཚོགས་ཆེན་པོ་ཞིག་ཡིན་ལ། ད་ཐེངས་ཕུད་འགྲེམ་བྱས་པ་ནི«ས་སྐྱ་བཀའ་འབུམ་གཙུག་ལག་རིན་ཆེན་གན་མཛོད»ཀྱི་ཁག་དང་པོ་སྟེ། པོད85ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་དེ་ཡིན་ཞིང་། དེ་ནི་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དཔེ་སྐྲུན་གནང་བ་དང་། པེ་ཅིང་ཡ་ཁྲང་རིག་གནས་ཚོགས་པ་ཀུང་སིས་པར་འདེབས་གནང་བ་ཞིག་རེད།
ཟླ4པའི་ཚེས13ཉིན་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་སྒོ་འབྱེད་ཀྱི་གོ་སྐབས་མཉམ་དུ་སྤྱོད། མཛེས་སྡུག་གི་འཚོ་བ་མཉམ་དུ་སྐྲུན་ཞེས་པ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་དངོས་སུ་མགོ་བརྩམས། མཚོ་སྔོན་གྱིས་ཁེ་ལས14ལེགས་འདེམས་བྱས་ནས་སྐམས་ལུག་ཤའི་ཐོན་རྫས་དང་དབྱར་རྩྭ་དགུན་འབུ། ནས་རིགས་ཐོན་རྫས། སྦྲང་རྩིའི་ཐོན་རྫས། འཕང་འབྲས། ལིས་གྲོ། གླ་སྟར། ནས་ཆང་། གཙགས་དྲུབས་སོགས་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ལག་བཟོའི་སྤུས་ལེགས་འཛད་སྤྱོད་ཐོན་རྫས་ཁྱེར་ནས་འགྲེམ་སྟོན་ལ་ཞུགས།
ཉེ་ལམ་པེ་ཅིང་དུ་འཚོགས་པའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྙན་ཞུ་ཚོགས་འདུའི་སྟེང་དུ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟངས་དཀར་སྒང་གནའ་ཤུལ་དང་མངའ་རིས་མེ་ལོང་སྟག་ཕུ་བྲག་ཕུག་གཉིས་ལས་རྡོ་ཆས་རྙིང་མའི་དུས་དཀྱིལ་དང་དུས་མཇུག་གི་རྡོ་ཆས་དང་། རུས་ཆས། རྫ་ཆས། ལི་ཆས། སྲོག་ཆགས་ཀྱི་རུས་པ་སོགས་ཤུལ་རྫས་དུ་མ་རྙེད་ཅིང་། ལོ་དུས་ཚད་འཇལ་ལྟར་ན། ཧ་ལམ་ལོ་ངོ་འབུམ་གཅིག་ལས་སྔ་བ་ཡོད་པས། ལོ་ངོ་འབུམ་གཅིག་གི་ཡར་སྔོན་ལ་མཚོ་བོད་མཐོ་སྒང་གི་ལྟེ་བར་འགྲོ་བ་མིའི་རིགས་བྱོན་མྱོང་བ་ཤེས་ཐུབ་ཅེས་གནའ་རྫས་རྟོག་ཞིབ་ཀྱི་འཇུག་འབྲས་གལ་ཆེན་རབ་དང་རིམ་པ་ཁྱབ་སྒྲོག་བྱས་ཡོད་པ་རེད།
ཟླ4པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་རང་ཞིང་གི“ཚྭ་འདམ་གཞོང་ཞིང་ལས་གསར་སྦོལ།” “མོ་ཧོ་རྔ་མོང་ར་བ།” “ཁུ་ནུ་གཙང་གསུམ་ཆུ་འགོ”སོགས་ཞིང་ལས་གསར་སྦོལ་སྤུས་རྟགས12《ཀྲུང་གོའི་ཞིང་ལས་གསར་སྦོལ་སྤུས་རྟགས་དཀར་ཆག》ནང་བདམས་པ་དང་། ཀྲུང་གོ་ཞིང་ལས་གསར་སྦོལ་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱིས་སྤྲད་པའི་སྤུས་རྟགས་ལག་ཁྱེར་ཐོབ། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་དཀར་ཆག་དེའི་ནང་བདམས་པའི་སྤུས་རྟགས་ནང་ས་ཁོངས་རང་བཞིན་གྱི་གསར་སྦོལ་ཁུལ་གྱི་སྤྱི་པའི་སྤུས་རྟགས1དང་། ཁེ་ལས་ཀྱི་སྤུས་རྟགས5། ཐོན་རྫས་སྤུས་རྟགས་6བཅས་ཚུད་ཡོད་ཅིང་། དེའི་ནང་ནོར་ནག་དང་། བོད་ལུགས། ནས། པད་ཁ། རྩྭ་རིགས། འཕང་འབྲས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁག་ཚུད་ཡོད།
ཟླ4པའི་ཚེས14ཉིན། གསར་འགོད་པས2025ལོའི་དམངས་འཚོའི་དོན་དངོས་ལས་གཞིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་གྱིས་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་འཁྱོལ་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་འཚོའི་ལས་གཞི་ཁག་ཆེན་པོ་བཅུ་དང་རྣམ་གྲངས45ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་རྒྱུན་ཆད་མེད་པར་བསྐོང་རྒྱུ་རེད།
ཟླ4བའི་ཚེས14ཉིན། དུས་ཡུན་ལོ་གཉིས་ལ་རྩོམ་སྒྲིག་བྱས་པའི《ཡུས་ཧྲུའུ་ཡི་ས་ཡོམ་གནོད་ཕྱིའི་བསྐྱར་བསྐྲུན་གྱི་ལོ་རྒྱུས》ཞེས་པའི་དཔེ་ཆ་ཟླ4བའི་ཚེས14ཉིན་དཔེ་སྐྲུན་བྱས་ཏེ་དངོས་སུ་འགྲེམས་སྤེལ་བྱས། དཔེ་དེབ་དེ་ནི་ཡུས་ཧྲུའུ་ཁུལ་གྱི་ས་ཡོམ་གནོད་ཕྱིའི་བསྐྱར་བསྐྲུན་ཀྱི་ཡིག་ཚགས་རང་བཞིན་གྱི་དཔྱད་གཞི་དཔེ་ཆ་ཡིན་ལ། དེབ་ཧྲིལ་པོར་སྟོད་སྨད་ཆ་གཉིས་ཡོད་ལ། ཡིག་འབྲུ་ཁྲི106དང་པར་རིས200ལྷག་གི་གཞི་ཁྱོན་སྟེང་དུ། 2010ལོ་ནས2015ལོའི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་བསྐྲུན་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གོ་རིམ་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད།
གསར་འགོད་པས་ཚེས15ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ནས་ཤེས་རྟོགས་ལྟར་ན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཐེངས་བཅུ་པ་བསླེབ་ཉེར་ཡོད་པའི་སྐབས་སུ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས2024ལོ་ནས2025ལོའི་བར་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་བྱས་རྗེས་གལ་ཆེན་བཞག་པའི་མང་ཚོགས90ལྷག་ལ་གཅིག་བསྡུས་ཀྱིས་གཟེངས་བསྟོད་དང་བྱ་དགའ་སྤྲད། འདི་ནི2019ལོའི་ཚུན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བསྟུད་མར་ལོ7ལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐེར་འདོན་བྱས་རྗེས་འཇོག་མཁན་དཔྱད་འདེམས་སྒྲིག་འཛུགས་དང་དེར་བྱ་དགའ་སྤྲད།
ཟླ4བའི་ཚེས15ཉིན། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་མོའི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་གྱི་ཉེན་རྟོག་ལས་དོན་མཉམ་ལས་མཉམ་འབྲེལ་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཚོགས་པ་དང་། ཀན་སུའུ་དང་མཚོ་སྔོན། ཞིན་ཅང་བཅས་ཞིང་ཆེན་གསུམ་གྱི་གྲོང་ཁྱེར་དང་ཁུལ་བཅུ་ཡི་སྤྱི་བདེ་དང་འགྲུམ་འགྲུལ་དོ་དམ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ་མཉམ་དུ་འཛོམས་ནས། ས་ཁོངས་ཉེན་རྟོག་ལས་དོན་གྱི་མཉམ་ལས་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་བགྲོད་ལམ་གསར་བ་བཏོད་པར་ལྷན་དུ་གྲོས་བསྡུར་བྱས།
ཚེས15ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བཟོས་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི《གློག་སྒུལ་རླངས་འཁོར་གྱི་སྒུལ་ཤུགས་གློག་གསོག་གློག་རྫས་ཀྱི་བདེ་འཇགས་བླང་བྱ》(GB38031-2025)ཉེ་ལམ་ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཟླ4པའི་ཚེས15ཉིན་ལྷ་ལྡན་གཙུག་ལག་ཁང་དུ་2025ལོའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་འཚོགས་པ་རེད། ཐེངས་འདིའི་བྱ་འགུལ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པ་དང་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས་ནས་ལོ་འཁོར20ལོན་པའི་དུས་སུ་འཁེལ་ཡོད། 2025ལོའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་ཐོབ་ཐང་རག་པའི་རྒྱུགས་འབུལ་དགེ་འདུན་པ་དང་། རྒྱུགས་འབུལ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་ཁོངས་མི། རྒྱུགས་རོགས་དགེ་འདུན་པ་སོགས་དགེ་འདུན་པ281མཛད་སྒོར་ཞུགས།
ཚེས་16ཉིན་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་གླིང་གི་གླིང་གཙོ་གཅོད་པ་ཚེ་རིང་གིས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》(《ཀུན་འདུས་ཞལ་ཐང་ཆེན་མོ》ལ་བསྡུ)ཡི་སྨད་ཆ་དེ་ཉེ་ཆར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་གླིང་དུ་འགྲེམ་སྟོན་གྱི་བཀོད་སྒྲིག་ཚར་ཡོད་ཅིང་། མི་འགྱངས་བར་དམིགས་བསལ་འགྲེམ་སྟོན་དུ་བརྩིས་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། དེའི་ཐོག་ནས་ཐང་གའི་སྟོད་སྨད་གཉིས་མཉམ་སྒྲིག་ལེགས་འགྲུབ་བྱུང་བ་མཚོན་གྱི་ཡོད་ཅེས་བརྗོད་འདུག
ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ4པའི་ཚེས16ཉིན་བར་དུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱུང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཞིང་ཆེན(རང་སྐྱོང་ལྗོངས)15དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ལ་རྒྱུན་སྲོལ་སྐོར་ཞིབ་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་གྱི་ཁུན་མིང་གྲོང་ཁྱེར་ལ་རིམ་སྤར་སྐོར་ཞིབ་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་དང་མཉམ་དུ་ཁྲང་ཁྲུན་གྲོང་ཁྱེར་དང་། ཧང་ཀྲོའུ་གྲོང་ཁྱེར། ཉིང་པའོ་གྲོང་ཁྱེར། ཝུའུ་ཧན་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་སོགས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར5ལ་མཉམ་འགུལ་སྐོར་ཞིབ་བྱ་རྒྱུ་རེད།
གསར་འགོད་པར་རྒྱལ་ཁབ་ཡིག་ཚགས་ཅུས་ནས་ཤེས་རྟོགས་བྱུང་བར། ཧྥ་རན་སིའི་ཕ་རི་སིར་འཚོགས་པའི་མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་གྲོས་ཚོགས་ཐེངས་221ཐོག རང་རྒྱལ་ནས་གོང་འབུལ་ཞུས་པའི་ཤུལ་བཞག་ཡིག་ཚགས་གསུམ་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་འདུག འཛམ་གླིང་དྲན་ཤེས་ནི་ཤུལ་བཞག་ཡིག་ཚགས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་ཤུལ་བཞག་ཡིག་ཚགས་ཡོངས་ཁྱབ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཐོག མི་རྣམས་ཀྱིས་ཤུལ་བཞག་ཡིག་ཚགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་རེད། དེ་དང་འཛམ་གླིང་ཤུལ་བཞག་རྣམ་གྲངས་དང་། འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བཅས་ལ་མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཤུལ་བཞག་རིགས་ཀྱི་རྩེར་སོན་རྣམ་གྲངས་གསུམ་ཞེས་སུ་འབོད་ཀྱི་ཡོད། ད་ཐེངས་ཁ་སྣོན་བྱས་རྗེས་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་པའི་རང་རྒྱལ་གྱི་རྣམ་གྲངས18བར་མང་དུ་ཕྱིན་ཡོད།
ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མ་ལེ་ཞི་ཡའི་འཚམས་འདྲི་བདེ་བླག་ངང་མཇུག་སྒྲིལ་བ་རེད། ཅི་ལུང་ཕའོ་དང་ཁ་བྲལ་དུས། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧན་མའོ་ཏི། ཕེབས་རོགས་པུའུ་ཀྲང་། འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་ནས་སྐྱེལ་མ་གནང་། མ་ལེ་ཞི་ཡའི་ན་ཆུང་གཞོན་ནུས་གླུ་གར་དང་ཞབས་བྲོ་འཁྲབ་ཞིང་། ས་གནས་ཀྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མི་སྣ་དང་ཕྱིར་འགྲིམ་སློབ་མ། ཕྱིར་སྡོད་རང་མི་བཅས་ལམ་འགྲམ་དུ་འདུས་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་རྒྱལ་དར་གཡུག་གཡུག་གནང་ནས། ཞི་ཅིན་ཕིང་གི་མ་ལེ་ཞི་ཡའི་འཚམས་འདྲི་བདེ་བླག་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས། །