གཙང་གསུམ་འབྱུང་ཡུལ་གྱི་ཚེ་སྲོག་གི་སྲུང་སྐྱོང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

2025ལོའི་དཔྱིད་ཀྱི་དཔལ་ཡོན་གང་སར་བཞད་པའི་མཚམས་འདིར་ཁམས་ཡུས་ཧྲུའུ་ཡི་ལམ་སྣེ་རྡོག་པས་འཇལ་ནས་ས་ཡོམ་གནོད་འཚེའི་རྗེས་ཀྱི་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་དུ་ཆས།  ལོ་བཅོ་ལྔའི་སྔོན་གྱི་ས་ཡོམ་གྱིས་རི་བོ་སྒུལ་ཅིང་མཚོ་མོ་སྐྱོམས་མོད། ཁོང་ཚོའི་བྱམས་ལྡན་གྱི་ལག་ཟུང་གིས་ཚེ་སྲོག་མང་པོ་བསྐྱབས་པའི་དན་རྟགས་གནས་འདིར་གསལ། 

ཉི་འོད་ཀྱི་ཟེར་མ་འབུམ་ཕྲག་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཐོག་བརྩེགས་གསར་པའི་ཤེལ་ཡོལ་བརྒྱུད་རིག་ནུས་སྨན་བཅོས་མ་ལག་གི་འཆར་ཤེལ་ཐོག་འཕྲོ་སྐབས། ང་ཚོའི་མིག་ལམ་དུ་མཐོང་བ་ནི་དེང་རབས་ཅན་གྱི་སྨན་ཁང་ཞིག་གིས་འགྲོ་བའི་ན་ཟུག་སེལ་བ་དང་ཚེ་སྲོག་གི་རེ་བ་བསྐྱར་གསོ་བྱེད་པའི་བརྗིད་ཆགས་ཀྱི་ལེའུ་གསར་པའི་བཀྲག་མདངས་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་དུ་ས་ཡོམ་བྱུང་ནས་ལོ་ངོ་བཅོ་ལྔ་འདས་པའི་ནང་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཡང་དག་པའི་མཛུབ་སྟོན་དང་རྒྱབ་སྐྱོར་དང་། དེ་བཞིན་སྤུན་ཟླའི་ཞིང་ཆེན་གྱི་ཤུགས་ཆེའི་རོགས་སྐྱོར་འོག ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དང་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ཀྱི་སྨན་བཅོས་སྒྲིག་ཆས་དང་། སྨན་པའི་དཔུང་ཁག སྨན་བཅོས་ལག་རྩལ་སོགས་ཀྱི་ཐད་སྔ་ན་མེད་པའི་འཕེལ་རྒྱས་དང་འགྱུར་བ་ཆེན་པོ་བྱུང་ནས། ས་གནས་འདིའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་སྔར་ལས་ལྷག་པ་ཐོབ་ཡོད་པ་རེད། 

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་།

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་གིས། ངས་ས་ཡོམ་གྱི་སྔ་གཞུག་གི་འགྱུར་ལྡོག་ཆེན་པོ་དངོས་སུ་བརྒྱུད་ཡོད། ས་ཡོམ་མ་བརྒྱབ་གོང་སྨན་ཁང་གི་གཞི་ཁྱོན་ཆུང་བ་དང་སྒྲིག་ཆས་སྟབས་བདེ་ཡིན་པ། གཤགས་བཅོས་མང་པོ་བྱ་ཐབས་བྲལ་བས། མང་ཚོགས་སྨན་བཅོས་བྱེད་པར་ས་ཆ་གཞན་དུ་མི་འགྲོ་ཀ་མེད་རེད། 2010ལོའི་7.1གྱི་ས་ཡོམ་དེས་སྨན་ཁང་ཞིག་རལ་དུ་བཏང་མོད། འོན་ཀྱང་ང་ཚོས་སྐབས་དེར་ཕྱིར་བཤོལ་མ་བྱས་པར་གུར་ཕུབ་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་བྱས་པ་ཡིན། ས་ཡོམ་རྗེས་སྨན་ཁང་བསྐྱར་སྐྲུན་བྱས་རྗེས། སྨན་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ལ། སྔར་གྱི་ནད་ཁྲི་80ནས་200བར་མང་དུ་ཕྱིན་པ་དང་། རྨང་གཞིའི་བརྟག་དཔྱད་ནས་རྩེར་སོན་གཤགས་བཅོས་སྒྲིག་ཆས་སོགས་ཆ་ཚང་ཡོད། ད་ཆ་ང་ཚོས་མགོ་ཀླད་ཀྱི་ཕྱི་རྨས་དང་ཚིགས་བརྗེ་བ་སོགས་དཀའ་ཚེགས་ཆེ་བའི་གཤགས་བཅོས་བྱེད་ཐུབ་པ་མ་ཟད།  མྱུར་སྐྱོབ་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཡོད་པས་ཞིང་འབྲོག་མང་ཚོགས་རྣམས་ལ་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅེས་གསུངས།

ས་ཡོམ་རྗེས་ཀྱི་ལོ་བཅོ་ལྔའི་ནང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།  མིག་ནད་ཚན་ཁག་གི་ཀྲུའུ་རིན་ཚེ་དབང་རྡོ་རྗེས། སྔོན་ཆད་སྨན་པའི་ལག་རྩལ་དང་སྨན་ཁང་གི་སྒྲིག་ཆས་ཆ་རྐྱེན་ཞན་པའི་དབང་གིས་ནད་པ་མང་པོ་ཞིག་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་མིག་ནད་ཚན་ཁག་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་མིག་ནད་སྣ་ཚོགས་བཅོས་ཐུབ་པ་མ་ཟད། ཚན་ཁག་འདི་ཡུལ་འདིའི་མི་རྣམས་ཀྱི་འོད་སྣང་སྲུང་མཁན་དང་མིག་ནད་ཅན་ལ་འོད་སྣང་སྦྱིན་མཁན་ཞིག་ཏུ་གྱུར་ཡོད།  འབྱུང་འགྱུར་ལ་ཁ་ཕྱོགས་ཚེ། ས་གནས་འདི་གའི་མང་ཚོགས་ཀྱི་མིག་གི་བདེ་ཐང་བྱ་གཞག་ལ་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་ནི་ང་ཚོ་ཐུན་མོང་གི་འོས་འགན་ཞིག་ཡིན་ཞེས་གསུངས།

ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རེན། ཚེ་དབང་རྡོ་རྗེ།

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་གིས། འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད།  སྨན་ཁང་གངས་ལྗོངས་ས་མཐོའི་ཚེ་སྲོག་གི་སྐྱབས་གནས་སུ་གྱུར་བ་མཐོང་སྐབས། དེ་ཡི་བཀའ་དྲིན་སེམས་གཏིང་ནས་ཚོར་གྱིན་འདུག་ལ། ཡུས་ཧྲུའུ་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སེམས་ཤུགས་ཀྱང་བརྟན་དུ་སོང་ཞེས་གསུངས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།