མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་ཐོ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་ཐོ་སྟེ།  མཚོ་སྲིད[2025ལོའི〕ཡིག་ཆ་ཨང11པ་དེ་གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུའུ་སོ་སོ་ལ་སྤེལ་དོན། 

ཞིང་ཆེན་སྲིད་གཞུང་གིས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》《མ་མཐའི་གླ་ཕོགས་ཀྱི་གཏན་འབེབས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་གཞིར་བཟུང་སྟེ་ཞིབ་འཇུག་གཏན་འབེབས་བརྒྱུད་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིར་ལེགས་སྒྲིག་བྱས་ཡོད་པས།  ད་ནི་དམིགས་སུ་བརྡ་ཐོ་འདི་བཏང་བ་གཤམ་གསལ།​

གཅིག ཚད་གཞི་ལེགས་སྒྲིག།

ཞིང་ཆེན་ཡོངས་ཀྱི་ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དེ་ད་ལྟ་ལེགས་སྒྲིག་བྱས་ནས་སྒོར2080ལ་བསྟད་ཡོད་ཅིང་། དུས་ཚོད་ལ་བགོས་ན་མ་མཐའི་གླ་ཕོགས་ཚད་གཞི་དེ་ཇེ་མང་དུ་བཏང་ནས་ཆུ་ཚོད་རེར་སྒོར20ལ་བསྒྱུར་ཡོད།​

གཉིས། སྤྱོད་འཐུས་ཁྱབ་ཁོངས།

ཐེངས་འདིའི་ལེགས་སྒྲིག་ནི་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཁེ་ལས་དང་།དམངས་གཉེར་ཁེ་ལས་མིན་པའི་ལས་ཁུངས། གླ་པ་ཡོད་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་བར་ངལ་རྩོལ་གྱི་འབྲེལ་བ་ཡོད་པའི་ངལ་རྩོལ་པ་དང་། རྒྱལ་གཞུང་གི་ལས་ཁུངས་དང་། དོན་ལས་ལས་ཁུངས། སྤྱི་ཚོགས་ཚོགས་པ་བཅས་བར་ངལ་རྩོལ་གྱི་འབྲེལ་བ་བཙུགས་པའི་ངལ་རྩོལ་པ་རྣམས་ཡིན་ཞིང་།  ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དེ་ཉིན་གང་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པ་རྣམས་ལ་སྤྱོད་པའི་ཚད་གཞི་ཡིན་པ་དང་།  ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ཉིན་གང་ལམ་ལུགས་མིན་པའི་ལས་ཞུགས་ངལ་རྩོལ་པར་སྤྱོད་པའི་ཚད་གཞི་ཡིན། 

གསུམ། ལས་ཀའི་བླང་བྱ།

མ་མཐའི་གླ་ཕོགས་ལམ་ལུགས་ནི་ངལ་རྩོལ་འགན་སྲུང་ལམ་ལུགས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་དམངས་ཚི་ལ་འགན་སྲུང་ལེགས་བཅོས་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྲིད་གཞུང་རིམ་པ་ཁག་དང་སྡེ་ཚན།  ལས་ཁུངས་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྒྲིག་འཛུགས་ཞིབ་ཚགས་ཐོག་ལག་བསྟར་བྱ་བ་དང་། དྲིལ་སྒྲོག་དང་གསལ་འགྲེལ། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་བསྣན་ནས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པར་འགན་སྲུང་བྱེད་དགོས།

བརྡ་ཐོ་འདི2025ལོའི་ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་དང་། དེ་སྔའི་《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་ཐོ》(མཚོ་སྔོན་སྲིད་དོན(2023)ཨང8)དུས་མཚུངས་སུ་མེད་པར་བཟོ་རྒྱུ་ཡིན། གནས་ཚུལ་འདི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2025ལོའི་ཟླ4པའི་ཚེས11ཉིན་ཡོངས་བསྒྲགས་བྱས་པའོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།