---འབྲི་ཆུའི་འགོ་ཁུངས་སུ་མྱུ་གུ་གསར་པ་འབུས། འབའ་ཐང་ཆུ་བོ་འབབ་རྒྱུད་ཀྱི་ཆུ་གསོ་ཉར་ལས་གཞི་དམིགས་སུ་གླེང་བ།
མཚོ་སྔོན་གསར་འགྱུར་དྲ་བའ་འཕྲིན། “འབྲི་ཆུའི་གྲོང་ཁྱེར་དང་པོ”ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་ཆགས་ཤིང་། འབྲི་ཆུའི་འགོ་ཁུངས་ཀྱི་ཆུ་ཁོངས་གསོག་ཉར་བྱེད་ས་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན། ཉེ་བའི་ལོ་རིང་ལ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་དང་། ཆུ་ཁོངས་གསོག་ཉར་གྱི་ནུས་པ་མཐོར་འདེགས་བྱ་ཆེད། ཡུལ་ཤུལ་གྲོང་ཁྱེར་གྱིས་ལྷོ་རི་དང་བྱང་རིའི་ཆུ་ཁོངས་གསོ་ཉར་དང་ནགས་ཚལ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས། ལས་གཞི་དེས་སྔ་གཞུག་ཏུ་མ་དངུལ་དུང་ཕྱུར2.27བཏང་སྟེ། འབའ་ཐང་ཆུ་བོ་འབབ་རྒྱུད་ཀྱི་ཆུ་གསོ་ཉར་ནགས་ཚལ་ས་མུའུ9300བསྐྲུན། མཚོ་སྔོན་གྱི་ཐང་ཤིང་དང་། མདོ་ལའི་ཤུག་པ་སོགས་ཡུལ་གྲོང་དུ་སྐྱེས་བར་འཚམ་བའི་སྡོང་རིགས་རྐང་ཁྲི206.46བཙུགས་པ་དང་། རིག་ནུས་ཆུ་འདྲེན་སྦུག་དྲ་ལེ་དབར33.8བསྒྲིགས་ནས་འབྲི་ཆུའི་འགོ་ཁུངས་ཀྱི་ཆུའི་གསོ་ཉར་ནུས་པ་དང་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ལ་མཐོར་འདེགས་ནུས་ལྡན་ཐོབ།
ཚན་རིག་དང་མཐུན་པས་འགན་སྲུང་དྲག་པོ་འཆར་འགོད་བྱས་ཏེ། ལག་རྩལ་གསར་གཏོད་ལ་བརྟེན་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས།
ལས་གཞི་དེ་ནི་ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནསEPCསྤྱིའི་འགན་གཙང་ལེན་གྱི་རྣམ་པ་སྤྱད་དེ། ཀྲུང་གོའི་གློག་ལས་སྡེ་ཤོག་ནུབ་བྱང་རྩད་ཞིབ་ཚད་ལེན་ཇུས་འགོད་ཞིབ་འཇུག་ཚད་ཡོད་ཀུང་སིས་ལས་ཀ་ལག་བསྟར་ལ་འགན་འཁུར། འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ། ས་བབ་མཐོ་བའི་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་ཉམས་ཞན་པའི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ཏེ། ལས་གཞི་དཔུང་སྡེས་གསར་གཏོད་ལ་བརྟེན་ནས་ལག་རྩལ་གྱི་བྱེད་ཐབས་དུ་མ་སྤྱད་ཡོད་དེ། མཚོ་འཕགས་སྨི4000ལྷག་གི་བྱང་རིའི་རི་ཁུལ་དུ་མ་དངུལ་སྒོར་ཁྲི180ལྷག་ཆེད་དུ་བཏང་ནས་ཟོག་འདྲེན་དཔྱང་ལམ་འདེགས་བྱེད་ཡོ་ཆས་ཆ་ཚང3ཉོས་ནས་སྦུག་ལམ་དང་ཨར་འདམ་སོགས་ཨར་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་ཐད་སྤྱད་པས། ཨར་ལས་ཀྱི་ལས་ཀའི་ཕན་ཕྱོད་ཇེ་མཐོར་ཕྱིན་པ་མ་ཟད། ས་ངོས་ཀྱི་རྩི་ཤིང་ལ་བཏང་བའི་གཏོར་བརླང་གི་ཚད་ཇེ་ཆུང་དུ་བཏང་། ཆུ་འདྲེན་མ་ལག་ཇུས་འགོད་ཐད་ནས་ས་དབྱིབས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ“ཟེགས་འདྲེན+འཕྱུར་འདྲེན”ཟུང་དུ་སྦྲེལ་ནས་རིག་ནུས་ཆུ་འདྲེན་བྱེད་ཐབས་སྤྱད་ནས་ཆུའི་ཐོན་ཁུངས་བཀོལ་སྤྱོད་ལ་འགན་ལེན་གང་ལེགས་བྱས། སྡོང་བོའི་རིགས་འདེམ་གསེས་ཀྱི་ཐད་ནས་ཡུལ་དེའི་ས་ཆུ་དང་ཁ་དབུགས་ལ་འཕྲོད་པའི་མཚོ་སྔོན་གྱི་ཐང་ཤིང་དང་། ཤུག་པ་སོགས་ཡུལ་དེའི་སྡོང་རིགས་བདམས་ཏེ་བཙུགས་པས། སྡོང་ཕྲུག་སྐྱེས་ཚད་བསྟུད་མར་ལོ་གསུམ་ནང85%ཡན་ལ་བསླེབས་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ།
དོ་དམ་བདག་སྐྱོང་བྱ་བ་ཞིབ་ཚགས་སྒྲུབ། སྐྱེ་ཁམས་ཡག་པོས་དམངས་ཚིས་སྐྱིད་ལ་བཀོད།
རྩིས་ལེན་ཚད་འཇལ་བྱས་པ་ལྟར་ན། ལས་གཞི་ལག་བསྟར་བྱས་རྗེས་ལོ་རེར་ཆུ་ཁོངས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི117གསོ་ཐུབ་ཡོད་པ་དང་། ས་ཆུ་ཤོར་ཚད་ཏུན་ཁྲི2.35ཇེ་ཉུང་དུ་ཕྱིན་ཡོད། འཚོ་བཅུད་དངོས་རྫས་ཏུན་འབུམ་བཞི་བརྟན་པོར་བཟོས། ཐཱན་གནོན་དབྱང་འདོན་ཕྱོགས་ནས་ལོའི་ཆ་སྙོམས་སུ་ཐཱན་ཏུན2,284མནན་པ་དང་། ས་རྒྱུ་ནས་ཐཱན་ཏུན731མནན། དབྱང་རླུང་ཏུན6111ཕྱིར་བཏོན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ལེགས་སྐྱེས་ཕུལ། དེ་མཚུངས་སུ་ལས་གཞི་དེས་ད་དུང་ཆུ་བོ་འབབ་རྒྱུད་ཀྱི་འབག་བཙོག་དངོས་པོ་བཀག་འགོག་གི་བྱེད་ནུས་ཇེ་ཆེར་མངོན་གསལ་བྱུང་ནས་ས་ཁོངས་ཀྱི་གནམ་གཤིས་ཇེ་ལེགས་སུ་ཕྱིན་ལ། ཡུལ་དེའི་མང་ཚོགས་ལ་འཚམ་པའི་འཚོ་སྡོད་ཐད་སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
ཡུལ་ཤུལ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་བས་འདི་སྐད། ལས་གཞི་ལག་བསྟར་གྱིས་འབྲི་ཆུའི་འགོ་ཁུངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་པ་མ་ཟད། ས་མཐོ་ཞིང་གྲང་ངར་ཆེ་བའི་མཐོ་སྒང་གི་སྐྱེ་ཁམས་སླར་གསོ་ལ་རིན་ཐང་བྲལ་བའི་ཉམས་མྱོང་མང་པོ་ཞིག་བསགས་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་དུ་དོ་དམ་དང་བདག་སྐྱོང་བཟང་བོ་བྱས་ཏེ། ལས་གཞིའི་ཕན་ནུས་རྒྱུན་ཆད་པར་འདོན་པར་འགན་ལེན་བྱས་རྒྱུ་མ་ཟད། ཉམས་མྱོང་དང་བྱེད་ཐབས་ལ་སྤྱི་བསྡོམས་བརྒྱབ་ཏེ། ཁྱབ་ཆེ་ས་ནས་བཀོལ་སྤྱོད་བྱེད་པར་ཁྱབ་གདལ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏང་བར་ལག་རྗེས་སྔར་ལས་ལྷག་པ་འཇོག་རྒྱུ་ཡིན་ཟེར།