ཞི་ཅིན་ཕིང་དང་སུའུ་ལིན་ནས་མཇལ་མོལ་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་4ཚེས་14ཉིན་ཕྱི་དྲོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་རེས་སྐོར་དང་པོའི་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ལོ་ནི་ཝེ་ཐེ་ནམ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་ལོ་དང་། ཝེ་ཐེ་ནམ་རྒྱལ་ཁབ་བཙུགས་ནས་ལོ་80འཁོར་བའི་ལོ། ལྷོ་ཕྱོགས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བའི་ལོ་བཅས་ཡིན་པས། ང་རང་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་ཝེ་ཐེ་ནམ་ཕྱོགས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཝེ་ཐེ་ནམ་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ལེགས་པར་བསྐྱོད་རྒྱུ་དང་། སྤྱི་ལོ་2026ལོར་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུ། ཏང་འཛུགས་རྒྱལ་འཛུགས་ཀྱི“ལོ་བརྒྱ་ཐམ་པ་གཉིས”ཀྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་དང་“ཀྲུང་གོ་དང་ཝེ་ཐེ་ནམ་དབར་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་ལོ”ཡིན། ལོ་ངོ་75ཡི་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཁྲོད་ལག་གདང་སྦྲེལ་ནས་མཉམ་སྐྱོད། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་ཞི་བའི་གོང་འཕེལ་རྒྱུན་འཁྱོངས་དང་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་བས། འཛམ་གླིང་ལ་རྩ་ཆེ་བའི་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་བྱིན་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཕྱོགས་གཉིས་པོས་སྔ་འཛིན་ཕྱི་མཐུད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། “ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གཅུགས་ཟབ་མོ་དང་། བློ་མཐུན་ཡིན་ལ་གཅེན་གཅུང་ཡང་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་བ་དང་། བདེ་འཇགས་མཉམ་ལས་སྔར་ལས་བརྟན་པ། དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་པ། དམངས་འདོད་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་ཟབ། ཕྱོགས་འགལ་དོ་དམ་ཚོད་འཛིན་དང་ཐག་གཅོད་སྔར་ལས་ལེགས་པ་བཅས་ཀྱི “སྔར་བས་དྲུག”གི་སྤྱིའི་དམིགས་འབེན་གཞིར་བཟུང་། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་འགན་ལེན་བྱས་པ་དང་།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་འཛམ་གླིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་དང་མི་འབོར་དུང་ཕྱུར་15ལྷག་ཙམ་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་པ་དེས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ། རྒྱལ་ཁབ་གཉིས་པོས་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐའ་འཁྱོངས་བྱས་ཏེ། ས་ཁུལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་ཡོད། གྲུ་ཆུང་ཁེར་གནས་ཀྱིས་རྦ་རླབས་ཆེན་པོ་ཐེག་མི་ཐུབ་པས། ཕྱར་བ་གྲུ་འདེགས་བྱས་ན་ད་གཟོད་བརྟན་ཐོག་རྒྱང་བགྲོད་བྱེད་ཐུབ། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ཕན་པ་ཐོབ་མཁན་ཡིན་པས། འཐབ་ཇུས་ཀྱི་ཆོད་སེམས་བརྟན་དུ་གཏོང་བ་དང་། ཕྱོགས་རྐྱང་པའི་བཙན་དབང་བྱེད་སྤྱོད་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཏེ། གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་སྒྲིག་སྲོལ་དང་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བྱེད་ཐབས་ཁག་དྲུག་བཏོན་གནང་ཡོད་དེ། 

གཅིག་ནི་ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་རྒྱུ། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་དུས་རྒྱུན་གཉེན་ཉེ་ཐུག་འཕྲད་བྱེད་པ་ལྟར་ཕན་ཚུན་འགྲོ་འོང་ཡང་སེ་དང་འབྲེལ་གཏུག་མང་ཙམ་བྱེད་དགོས། ཕྱོགས་གཉིས་པོས་ཏང་དབར་དང་། ཁྲིམས་འཛུགས་སྒྲིག་གཞི། ཆབ་སྲིད་གྲོས་མོལ་རྩ་འཛུགས་སོགས་ཐབས་ལམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། ཏང་གིས་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན།

གཉིས་ནི་བདེ་འཇགས་སྲུང་ར་དེ་བས་བརྟན་པོ་འཛུགས་རྒྱུ། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”འཐབ་ཇུས་གླེང་མོལ་སྒྲིག་གཞི་དེ་པུའུ་ཀྲང་རིམ་པར་གཏན་འཁེལ་བྱེད་དགོས་པ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། འགོག་སྲུང་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་རྒྱག་པ་སོགས་རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཕྱོགས་གཉིས་དང་ཕྱོགས་མང་དང་། ལྷག་དོན་དུ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སྒྲོམ་གཞིའི་ནང་གི་ཁྲིམས་བསྟར་ཁྲིམས་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན།

གསུམ་ནི་སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ། ཀྲུང་གོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་ཝེ་ཐེ་ནམ་གྱི་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་གྲུབ་བཞིན་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་སྤུས་མཐོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་པོའི་ཚད་ལྡན་འཁོར་ལམ་དང་ལྕགས་ལམ། མྱུར་བགྲོད་གཞུང་ལམ། རིག་ལྡན་འགག་སྒོ་བཅས་ཁྱོན་ཡོངས་ནས་མཉམ་འབྲེལ་ཐུབ་རྒྱུ་མངོན་འགྱུར་གང་མགྱོགས་ཡོང་བ་བྱེད་དགོས། མི་ཐབས་རིག་ནུས་དང་ཟོག་འབྲེལ་དྲ་བ་སོགས་ལག་རྩལ་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་ར་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་ལ་སྒོ་མོ་ཡངས་པོར་འབྱེད་ཡོད་པས། ཝེ་ཐེ་ནམ་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཝེ་ཐེ་ནམ་དུ་མ་འཇོག་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་དང་། ཝེ་ཐེ་ནམ་ཕྱོགས་ནས་དེ་བས་དྲང་གཞག་མཛའ་གྲོགས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། 

བཞི་ནི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་དམངས་འདོད་འབྲེལ་ཐག་དམ་དུ་གཏོང་རྒྱུ། ད་ལོའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ་གོ་སྐབས་སུ་བྱས་ནས། མང་ཚོགས་དང་དེ་བས་ཐག་ཉེ་བ་དང་དམངས་འདོད་ཐོབ་པའི་མཛད་གྲོགས་བྱེད་སྒོ་དེ་བས་མང་བ་གཉེར་རྒྱུ་དང་། ཡུལ་སྐོར་དང་། རིག་གནས། སྨྱན་སྦྱོར། འཕྲོད་བསྟེན་སོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསར་བརྗེའི་ཐོན་ཁུངས་མུ་མཐུད་དེ་སྔོག་འདོན་གང་ལེགས་བྱེད་པ་དང་མཛའ་གྲོགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ་འབྱུང་འགྱུར་ལོ་3ནང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”ལ་ཡོང་བར་གདན་འདྲེན་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུ་མི་རབས་འདིས་གསར་བརྗེའི་རྒྱལ་སྲིད་ནི་ཐོབ་པ་ལས་སླ་པོ་ཞིག་མིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་ཀྱི་མཉམ་ལས་ནི་ཧ་ཅང་རྩ་ཆེན་ཡིན་པ་ཤེས་རྟོགས་བྱེད་དུ་བཅུག་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་གོང་འཕེལ་དང་རང་སོའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་སྐྱེ་ལྡན་སྟོབས་ཤུགས་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན། 

ལྔ་ནི་ཚགས་དེ་བས་དམ་པའི་ཕྱོགས་མང་མཐུན་སྦྱོར་བྱ་རྒྱུ།   འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་གི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་མཛའ་གྲོགས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་ཡོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་གྲོགས་སུ་བརྟེན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཉེ་འཁོར་རྒྱལ་ཁབ་བར་གྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་འབྲས་ལ་བརྟེན་ནས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་བསྐྲུན་རྒྱུ་ཡིན། 

དྲུག་ནི་དེ་བས་ལེགས་པའི་མཚོ་ཐོག་མཉམ་འགུལ་མངོན་འགྱུར་ཡོང་བ་བྱ་རྒྱུ། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། མཚོ་ཐོག་གི་མཉམ་ལས་རྒྱ་ཆེར་གཏོང་བ། སེམས་ཐག་གཙང་བཅད་ཀྱིས་ཐུན་མོང་གསར་སྤེལ་འགོ་འཛུགས་པ་བཅས་ཀྱིས། ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི་གང་མགྱོགས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། 

སུའུ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་སྐབས་སུ་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོ་མི་དམངས་ཀྱི་ཕུལ་དུ་བྱུང་བའི་གཙོ་འཛིན་ཞིག་ཡིན་ལ་ཝེ་ཐེ་ནམ་མི་དམངས་ཀྱི་གྲོགས་པོ་རླབས་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་ཐེངས་དང་པོ་དེ་ཝེ་ཐེ་ནམ་དུ་གནང་བ་དེའི་ཐོག་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་དང་ཝེ་ཐེ་ནམ་ལ་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་ཡོད། ད་ཐེངས་འཚམས་འདྲི་གནང་བ་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་ངེས་རེད་ཅེས་བསྟན་ཡོད།

 སུའུ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་མགྱོགས་པོ་ཕྱིན་པ། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་དེའི་དོན་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝེ་ཐེ་ནམ་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

 སུའུ་ལིན་གྱིས། ཝེ་ཐེ་ནམ་དང་ཀྲུང་གོ་གཉིས་ཀ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཝེ་ཐེ་ནམ་གྱི་དངོས་ཡོད་ཀྱི་བླང་བྱ་ཡིན་ལ། འཐབ་ཇུས་ཀྱི་གདམ་ག་དང་གལ་ཆེའི་སྔོན་འགྲོ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོས་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར། ཐའེ་ཝན་རང་བཙན་ཟེར་བའི་ཁ་ཕྲལ་གྱི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་བདེ་འཇགས་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་སྔར་ལས་མང་བ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་། ས་གནས་དང་གཞོན་ནུའི་བར་འགྲོ་འོང་བྱེད་པར་སྐུལ་འདེད། ཡུལ་སྐོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བ་བཅས་ལ་རེ་སྒུག་བྱེད་ཀྱི་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཝེ་ཐེ་ནམ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་གནང་བའི་ཉེ་འཁོར་རྒྱལ་ཁབ་དང་"ཁྱིམ་གཞིས་ཆེན་པོ་ལྔ་"བསྐྲུན་རྒྱུའི་ཕུགས་རེ་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་བདེ་འཇགས། ཕྱུག་པོ་ཆགས་པར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བརྟན་སྲུང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་། ཕྱོགས་གཉིས་ཀས་མིང་རྟགས་བཀོད་པའི་གྲོས་མཐུན་ལ་བརྩི་སྲུང་བཅས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་དང་མཚོ་ཐོག་གི་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱས་ནས་མཚོ་ཐོག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་ཡོད།

 གྲོས་མོལ་མ་གནང་གོང་། སུའུ་ལིན་གྱིས་ཞི་ཅིན་ཕིང་གདན་འདྲེན་ཞུས་ཏེ་ཁྱབ་ཁོངས་ཆུང་བའི་ཇ་མོལ་གནང་ཡོད། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཏང་སྐྱོང་རྒྱལ་སྐྱོང་གི་འདུ་ཤེས་ཐད་སྤེལ་རེས་གནང་ཡོད། ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། ཏང་གི་སྤྱོད་ཚུལ་དེ་མི་སེམས་ཕྱོགས་ས་དང་འབྲེལ་བ་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་ལོར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་གནང་ཡོད།  ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མཉམ་དུ་ཡག་པོ་བསྐྱོད་རྒྱུར་མོས་མཐུན་གཅིག་གྱུར་གནང་ཡོད། 

གྲོས་མོལ་གནང་གྲུབ་རྗེས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་45འགྲེམས་སྟོན་བྱས་པར་ཐུན་མོང་ཐོག་བདེན་དཔང་གནང་བ་དང་། ཡིག་ཆ་དེ་དག་ནང་མཉམ་སྦྲེལ་མཉམ་མཐུད་དང་། མི་ཐབས་རིག་ནུས། འགག་སྒོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ། ཞིང་ལས་ཐོན་རྫས་ཉོ་ཚོང་། རིག་གནས་དང་ལུས་རྩལ། དམངས་འཚོ། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། 

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད། 

ཉིན་དེའི་དགོང་མོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེའང་ཆང་གིས་ཐུན་མོང་ཐོག་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་འགོ་ཁྲིད་བློ་མཐུན་ཚང་མས་གསོལ་སྟོན་ལ་ཕེབས་རོགས་ཞུས་ཡོད། 

ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན

རྩོམ་སྒྲིག་པ། : ཁོན་ཐར་འཚོ།