ཟངས་དཀར་སྒང་གནའ་ཤུལ་ནི་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་ཟངས་དཀར་སྒང་གྲོང་ཚོའི་མཚོ་འཕགས་སྨི4170ཡི་མཚམས་ན་ཡོད་ཅིང་། གནའ་ཤུལ་གྱི་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ18000ཡོད།
མེ་ལོང་སྟག་ཕུག་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མཁར་ལྷོ་ངོས་ཀྱི་ལེ་དབར30མཚམས་ཏེ། སེང་གེ་གཙང་བོའི་གཡོན་ངོགས་ཀྱི་བྲག་ངོས་མཚོ་འཕགས་སྨི4700ཡི་མཚམས་ན་ཡོད་ཅིང་། བྲག་ཕུག་མི་འདྲ་བ་གསུམ་འཕྲེད་ཀྱིས་བསྟར་ནས་ཡོད་པ་དང་། ད་ལྟའི་ཆུ་ངོས་ལས་མཐོ་ཚད་སྨི104མཚམས་ན་ཡོད།
ཉེ་ལམ་པེ་ཅིང་དུ་འཚོགས་པའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྙན་ཞུ་ཚོགས་འདུའི་སྟེང་དུ། གནའ་ཤུལ་དེ་གཉིས་ལས་རྡོ་ཆས་རྙིང་མའི་དུས་དཀྱིལ་དང་དུས་མཇུག་གི་རྡོ་ཆས་དང་། རུས་ཆས། རྫ་ཆས། ལི་ཆས། སྲོག་ཆགས་ཀྱི་རུས་པ་སོགས་ཤུལ་རྫས་དུ་མ་རྙེད་ཅིང་། ལོ་དུས་ཚད་འཇལ་ལྟར་ན། ཧ་ལམ་ལོ་ངོ་འབུམ་གཅིག་ལས་སྔ་བ་ཡོད་པས། ལོ་ངོ་འབུམ་གཅིག་གི་ཡར་སྔོན་ལ་མཚོ་བོད་མཐོ་སྒང་གི་ལྟེ་བར་འགྲོ་བ་མིའི་རིགས་བྱོན་མྱོང་བ་ཤེས་ཐུབ་ཅེས་གནའ་རྫས་རྟོག་ཞིབ་ཀྱི་འཇུག་འབྲས་གལ་ཆེན་རབ་དང་རིམ་པ་ཁྱབ་སྒྲོག་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇག་ཁང་གི་འགོ་གཙོ་ལི་ལིན་ཧུའེ་ཡིས་འདི་སྐད། གནའ་རྫས་རྟོག་ཞིབ་ཀྱི་མཇུག་འབྲས་མང་པོ་ཞིག་ལས། ལོ་ངོ་འབུམ་གཅིག་གི་ཡར་སྔོན་དུ་འགྲོ་བ་མིའི་རིགས་འདི་མཚོ་བོད་མཐོ་སྒང་གི་ལྟེ་བར་བྱོན་པ་དང་། ལོ་ཁྲི4ཡས་མས་ཀྱི་སྔོན་དུ་རྡོ་ལོ་དང་རྡོ་ལེབ་ཀྱི་ལག་རྩལ་བོད་བྱང་རྒྱུད་དུ་དར། ལོ་ཁྲི1གི་ཕྱིས་སུ་རྡོ་ཁབ་དང་རྡོ་འབིགས་སོགས་ཀྱི་ལག་རྩལ་བོད་ལྗོངས་ཀྱི་ས་ཆར་མང་པོར་དར་བས། དུས་རིམ་སོ་སོའི་ལག་རྩལ་བོད་ལྗོངས་ནས་འཕེལ་འགྱུར་བྱུང་པ་མཚོན་ཐུབ་པས། བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་སྣ་མང་གཅིག་འདུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་དོན་དངོས་གསོན་ཉམས་དང་བཅས་མངོན་ཡོད་ཟེར།