ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་དབུ་ཚོགས་སྐབས་དགུ་པ་ཟླ་4ཚེས་9ཉིན་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧོང་ཏུ་ར་སི་རུ་གཉེར་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྔར་བས་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པས་རང་བཙན་རང་བདག་དང་། མཉམ་འབྲེལ་ངང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། གོང་འཕེལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མི་དམངས་ལ་གོང་འཕེལ་དར་རྒྱས་ཀྱི་བགྲོད་ལམ་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རོགས་ལས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བས་རྒྱལ་སྤྱིའི་ཚོད་བགམ་སྣ་ཚོགས་ཐེག་ནས། འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བྱུང་བ། མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཇེ་ཟབ་ཏུ་ཕྱིན་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད་ལ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཀྱང་བཏོད་ཡོད། ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་དང་ལྷན་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཆེད་སྐུལ་འདེད་གཏོང་འདོད་ཡོད། ད་ལོ། ཀྲུང་གོས་པེ་ཅིང་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོག་རྒྱུ་ཡིན་པས། ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཁག་ཀྲུང་གོར་གྲོས་ཚོགས་ནང་ཞུགས་པར་ཕེབས་ནས། གོང་འཕེལ་གྱི་ཇུས་ཆེན་མཉམ་གྲོས་དང་། མཉམ་ལས་ཀྱི་ཐབས་བཟང་མཉམ་འདོན་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།