ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ནཱན་ཁྲོན་ཆུ་བོའི་འགྲམ་རྒྱུད་ཀྱི་སྡོང་བོ་འཛུགས་ས་རུ། ལས་བྱེད་མང་ཚོགས་སུམ་བརྒྱ་ལྷག་གིས་མཉམ་དུ་ས་སློག་པ་དང་ས་སྐྱོར་རྒྱག་པ། ཆུ་ལྡུག་པ་བཅས་བྱས་པ་དང་། ཚང་མས་ལས་བགོས་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ། ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་ངལ་རྩོལ་རྣམ་པས་ཁེངས་འདུག
ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན། དེ་མིན་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་རྣམས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་ཡོན་པའོ་ཙི་བརླན་སའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་ལས་གཞིའི་ཡུལ་དངོས་སུ་སོང་ནས། ལས་བྱེད་མང་ཚོགས་དང་མཉམ་དུ2025ལོའི་འོས་འགན་སྡོང་བཙུགས་བྱ་འགུལ་ལ་ཞུགས།
དཔྱིད་དཔལ་རྒྱས་མགོ་བརྩམས་པ་དང་། སྡོང་འཛུགས་དུས་ལ་བབས་པས། ནཱན་ཁྲོན་ཆུ་བོའི་འགྲམ་རྒྱུད་ཀྱི་སྡོང་བོ་འཛུགས་ས་རུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་མགོ་ཁྲིད་དང་ལས་བྱེད་པ། མང་ཚོགས་སུམ་བརྒྱ་ལྷག་གིས་མཉམ་དུ་ས་སློག་པ་དང་ས་སྐྱོར་རྒྱག་པ། ཆུ་ལྡུག་པ་བཅས་བྱས་ཏེ། མཉམ་དུ་གསོམ་སྡོང་དང་ལྕང་མ། ཤིང་ཧེ་ཐང་། སྐྱུ་རུ་ར། ལི་ཤི་སོགས་སྡོང་རྐང་སྟོང་ལྷག་བཙུགས་པ་དང་། རྩྭ་འབྲུ་དང་ཡུག་ནག་སོགས་རྩྭ་རིགས་བཏབ་ནས། ཆུ་བོའི་འགྲམ་རྒྱུད་ལ་སྐྱེ་སྟོབས་གསར་བ་བསྣན། ཝུའུ་ཞའོ་ཅུན་གྱིས་ཡོན་པའོ་ཙི་བརླན་སའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་ལས་གཞིའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ལ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དམ་པོར་འཛིན་པ་དང་། ནཱན་ཁྲོན་ཆུ་བོ་དང་པེ་ཁྲོན་ཆུ་བོ། ཙོང་ཆུ་བཅས་འགྲམ་རྒྱུད་ཀྱི་ལྗང་འགྱུར་སྤུས་ཀ་དང་ལྟ་སྐོར་མཇུག་འབྲས་ཇེ་ལེགས་སུ་བཏང་ནས། ཡུལ་སྐོར་བའི་ངལ་གསོའི་སྒྲིག་ཆས་དང་གྲོང་ཁྱེར་གྱི་དལ་སྐྱོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་དང་བཟའ་བཏུང་། རིག་གནས་གསར་གཏོད་སོགས་ཀྱི་འཛད་སྤྱོད་རྣམ་པ་བསྐྲུན་ཏེ། མི་དམངས་མང་ཚོགས་ལ་ལྗང་མདོག་བདེ་སྐྱིད་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས།
ཐེངས་འདིའི་སྡོང་འཛུགས་ཀྱིས་ཞིང་ཆེན་ཡོངས་ཀྱིས“ངས་བྱང་གསུམ་གྱི་ཆེད་དུ་སྡོང་འཛུགས་བྱེད་རྒྱུ་ཡིན”ཞེས་པའི་བྱ་འགུལ་སྤེལ་བར་འབོད་སྐུལ་བཏང་ནས། སྤྱི་ཚོགས་ལས་རིགས་སོ་སོ་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞུགས་པར་ཁྲིད་སྟོན་བྱས་པ་དང་། ཡུལ་དངོས་ཀྱི་འོས་འགན་སྡོང་འཛུགས་དང་དྲ་ཐོག་ནས་དངུལ་སྒོར་དང་དངོས་པོ་ཞལ་འདེབས་རྒྱག་པ། སྡོང་བོ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྤྱི་ཚོགས་མཉམ་སྡེབ་ཟབ་ཞུགས་བྱེད་པར་ཤུགས་བསྣན་ཞིང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་སྒོས་འོས་འགན་སྡོང་འཛུགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། མི་ཚང་མ་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་ནས། བྱང་གསུམ་ལས་གཞི་འཛུགས་སྐྲུན་བྱེད་པར་མཉམ་དུ་སྟོབས་ཤུགས་ཕུལ།