མཚོ་སྔོན་ཁམས་ར་སྤྱི་གླིང“འཛམ་གླིང་ས་གཤིས་སྤྱི་གླིང”དུ་དངོས་སུ་བདམས་ཐོན་བྱུང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ས་གནས་དེ་གའི་ཟླ4པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད23སྟེང(པེ་ཅིང་གི་ཟླ4པའི་ཚེས11ཉིན་གྱི་ཆུ་ཚོད5པ།)ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་གྲོས་ཚོགས་སྐབས221པའི་སྟེང་། རང་རྒྱལ་གྱིས་འོས་སྦྱོར་བྱས་པའི་མཚོ་སྔོན་ཁམས་ར་དང་ཁྲུང་ཆིང་ཡུན་དབྱང་གཉིས“འཛམ་གླིང་ས་གཤིས་སྤྱི་གླིང”དུ་དངོས་སུ་བདམས་ཐོན་བྱུང་། དེར་བརྟེན་རང་རྒྱལ་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་49ལ་འཕར་ཏེ། འཛམ་གླིང་ས་གཤིས་སྤྱི་གླིང་གི་གྲངས་འབོར་མུ་མཐུད་དུ་འཛམ་གླིང་གི་ཨང་དང་པོ་ཡིན་པ་རེད།

མཚོ་སྔོན་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངས་ཁོངས་སུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3149.34ཡོད།སྤྱི་གླིང་ནང“ཏན་ཞ”རི་བོའི་ནགས་ཚལ་ས་དབྱིབས་ཀྱི་མཛེས་ལྗོངས་དང་། གསར་དུ་ཆགས་པའི་ས་ཁོངས་ཀྱི་དིམ་བསགས་ཁོར་ཡུག་དང་། དིམ་བསགས་གྲུབ་ཚུལ་རིགས་དང་། ལོ་ཁྲི3800ཚུན་གྱི་ས་གཤིས་སྐྱེ་ཁམས་ཁོར་ཡུག་རིམ་འགྱུར་རྗེས་ཤུལ་བཅས་ཚུད་ཡོད། ཁམས་རའི་ཏན་ཞ་ས་དབྱིབས་ནི་བྱེ་རྡོ་དམར་པོས་གྲུབ་པ་དང་། བྲག་རྡོའི་ཕྱི་ངོས་ནི་དམར་སེར་དུ་གྱུར་ཡོད། རི་བོ་རྩེ་མོ་ཅན་དང་ལེབ་མོ། བྲག་ཕུག་དང་གཡང་གཟར་བཅས་ནི་ས་དབྱིབས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། རི་གཟུགས་ནི་ཀ་བ་དང་མཆོད་རྟེན་ལྟ་བུ་དང་། གྱང་དང་མཁར་འདྲ་བ། མི་དང་གཅན་གཟན་འདྲ་བ་སོགས་རྣམ་པ་སྣ་ཚོགས་ཡོད། བཟོ་དབྱིབས་སྣ་ཚོགས་གསོན་ཉམས་ལྡན་པ་དང་བཟོ་ལྟ་ཁྱད་མཚར་བ་ཞིག་ཡིན།

ཁམས་ར་ས་ཁུལ་དུ་ཁྱད་པར་རྫོང་ཆེན་བཅོ་བརྒྱད་དེ། གནམ་རྫོང་། མགོན་པོ་རྫོང་། སྡེ་བརྒྱད་རྫོང་། གནས་སྤོ་རྫོང་དང་། རྟ་རྫོང་། ཇོ་མོ་རྫོང་། ལུག་རྫོང་། ནོར་རྫོང་སོགས་ཡོད། དེ་དག་གི་མིང་འདོགས་ཚུལ་ལ་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་ལ། རྫོང་བཅོ་བརྒྱད་ཀྱི་ཁྲོད་དུ་ཨ་ཆུང་གནམ་རྫོང་དང་གནས་སྤོ་རྫོང་གཉིས་སྐད་གྲགས་ཆེ་ཤོས་ཡིན། སྡེ་བརྒྱད་རྫོང་དུ་ཉི་མའི་འོད་ཟེར་འཕྲོས་ཚེ་རྒྱང་རིང་ནས་བལྟས་ན་ལྷ་སའི་མཛེས་ལྗོངས་དང་འདྲ།

མཛེས་ལྗོངས་ཁུལ་གྱི་ནུབ་རྒྱུད་དུ་གནས་ཆེན་པོ་ཆགས་ཡོད་ལ་དེ་ནི་མཆོད་རྟེན་དབྱིབས་ཀྱི་རི་རྩེ་ཆེ་ཆུང་བཅུ་གྲངས་ཀྱིས་གྲུབ་པ་དང་། མཛེས་ལྗོངས་ཁུལ་ཡག་ཤོས་སུ་རི་ཚོགས་ཀྱིས་ཞབས་བྲོ་འཁྲབ་པ་དང་འདྲ་ལ། ནགས་ཚལ་མཐའ་ཡས་པ་དང་ཁ་ཆར་འབབ་པ་སོགས་གནམ་གཤིས་སྣ་ཚོགས་ཀྱིས་མི་རྣམས་ལ་བརྗིད་ཉམས་ལྡན་པའི་ཚོར་སྣང་ཞིག་སྟེར་སྲིད། ཨ་ཆུང་གནམ་རྫོང་གི་མཐའ་འཁོར་ནི་བྲག་རི་གཡང་གཟར་ཅན་ཞིག་ཡིན་པ་དང་། བྲག་ཤར་ཆུང་ཆུང་ཞིག་བརྒྱུད་ན་རི་རྩེར་སླེབས་ཐུབ། ལམ་ཕྲན་དེ་མང་ཆེ་བ་གཡང་གཟར་གྱི་སྟེང་དུ་མིས་བཟོས་ལས་གྲུབ་པ་ཡིན། རི་རྩེར་གནའ་ཤུལ་ཞིག་དང་། བྲག་ཕུག་ཆུང་ཆུང་འགའ་ཡོད། བྲག་ཕུག་ནང་དུ་སྐུ་བརྙན་བཤམས་ཡོད་པས་ལོ་འཁོར་མོར་མཆོད་འབུལ་རྒྱུན་ཆད་མེད། གནས་སྤོ་རྫོང་ནི་ཕྱོགས་བཞི་ལྷིང་ངེར་འགྱིང་བའི་རི་བོ་ཡིན་པ་དང་། དེའི་སྟེང་དུ་མེ་ཏོག་དང་རྩྭ་ངོ་མཚར་ཅན་ཡོད་པ་དང་། རི་རྩེར་གནམ་རྫིང་དང་ཆུ་མིག་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།