ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་4ཚེས་3ཉིན་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མེས་རྒྱལ་གྱི་ས་གཞི་སྔར་བས་སྔོ་ལྗང་ཅན་དང་སྐྱེ་སྟོབས་རྒྱས་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

     སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། བྱ་སྤྱོད་སྔར་ལས་ལྷག་པ་སྤེལ་ནས། ནགས་བཟོ་ལྗང་འགྱུར་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། འབྱུང་ཁམས་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

     མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་25%ལས་བརྒལ་ནས་གོ་ལ་ཧྲིལ་པོར་གསར་སྣོན་ལྗང་འགྱུར་རྒྱ་ཁྱོན་25%ཙམ་ལེགས་སྐྱེས་ཕུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ལྗང་འགྱུར་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་གནང་བ་དང་། རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཐ་ཁེ་ལ་མ་ཀན་བྱེ་ཐང་ལ“ལྗང་མདོག་གི་སྐེ་དཀྲིས”དཀྲིས་ཡོད་པ་དང་། ཁོར་ཆིན་བྱེ་ཐང་དུ་རྩྭ་ཐང་གི་མཛེས་ལྗོངས་བསྐྱར་དུ་མངོན་བཞིན་ཡོད་ཅིང་། གྲུབ་འབྲས་དེ་དག་ཐོབ་པ་ནི་ལས་སླ་མོ་ཞིག་མ་རེད”ཅེས་བསྟན་གནང་ཡོད།

     ཐ་ཁེ་ལ་མ་ཀན་བྱེ་ཐང་གི“མཐའ་སྐོར་ལྗང་མདོག”ཚགས་དམ་པོ་དང་ཡངས་པོ་བཟོ་ཆེད། ཉིན་འདི་གཉིས་རིང་། ཤིན་ཅང་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེ་ཐང་གི་ལྟེ་བའི་ཁུལ་དུ་དཔྱིད་དུས་ཀྱི་ཤིང་འཛུགས་བྱེད་སྒོ་སྤེལ་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཝང་ཀྲེན་ཞི་ཡིས། ཤིན་ཅང་གི“བྱང་གསུམ”ལས་གྲྭའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་སླར་གསོ་བྱས་ཟིན་པ་དང་། ད་ལོར“བྱང་གསུམ”ལས་གྲྭའི་དུས་མཚམས་དྲུག་པའི་གསར་སྐྲུན་དང་འཕྲོ་སྐྱོང་རྣམ་གྲངས་མུའུ་ཁྲི་1194ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན། དེའི་ནང་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་སྣེའི་བཀག་འགོག་ལས་གྲྭའི་ས་ཁོངས་སུ་བཅོས་སྐྱོང་ལས་འགན་མུའུ་ཁྲི་844ལེགས་འགྲུབ་བྱས་ནས། མཐའ་སྐོར་ལྗང་མདོག་འགོག་སྲུང་ཁུལ་གྱི་ཞེང་ཚད་སྔར་བས་རྒྱ་སྐྱེད་གཏོང་རྒྱུ་དང་། ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་སྐོར་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

     ཉེ་ཆར། ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་བྱེ་ས་རྩ་མེད་གཏོང་བའི་དམག་འཐབ་དང“བྱང་གསུམ”ལས་གྲྭའི་དུས་མཚམས་དྲུག་པའི་ལས་གྲྭ་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། དེའི་ཐོག་ནས་ཐུང་ལེའོ་གྲོང་ཁྱེར་གྱི་2025ལོའི་ཁོར་ཆིན་བྱེ་ས་རྩ་མེད་གཏོང་བའི་དམག་འཐབ་ཁྱོན་ཡོངས་ནས་རྒྱག་འགོ་ཚུགས་པ་མཚོན་ཡོད། ཐུང་ལེའོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཞང་ཧྥེང་གིས། ད་ལོ་ང་ཚོས་མུ་མཐུད་ཁོར་ཆིན་བྱེ་ས་རྩ་མེད་གཏོང་བའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུ་དང་། ལོ་ཧྲིལ་པོར་འབྱུང་ཁམས་བཅོས་སྐྱོང་ལས་འགན་མུའུ་ཁྲི་350ཡན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་བྱེ་བཅོས་བྱ་གཞག་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས། རང་རྒྱལ་བྱང་ཕྱོགས་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་གལ་ཆེན་བརྟན་དུ་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས“ལྗང་གསུམ”ལ་མཉམ་དུ་མཐོང་ཆེན་དང“མཛོད་བཞི”ཡི་ནུས་པ་མཉམ་འདོན་བྱེད་དགོས་པའི་ཐད་སླར་ཡང་ནན་སྟོན་གནང་བ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ས་ཆ་ལྗང་འགྱུར་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཛུབ་ཁྲིད་གནང་ཡོད་དེ། “སྤུས་ཚད་ལེགས་སུ་གཏོང་བ”དང“ལས་དར”“དམངས་ཕན”བཅས་ལ་སྔར་བས་མཐོང་ཆེན་བྱེད་དགོས་ཞེས་གསུངས་ཡོད།

     མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་གི་ངོ་མཚར་གཏོད་པའི་སའེ་ཧན་པཱ་ཡིས་དུས་རབས་གསར་པར“ལས་གཏོད་ཐེངས་གཉིས་པའི”དུང་བརྡ་བཏང་ཡོད། སའེ་ཧན་པཱ་འཕྲུལ་ཆས་ནགས་རའི་འགོ་འཛིན་ཡུས་ཧྲི་ཐའོ་ཡིས། ནགས་རས་འབྱུང་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་། གྲངས་འཛིན་གྱིས་ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་ལ་ནུས་པ་སྤྲོད་པ། གསར་གཏོད་ཀྱིས་ཚན་རྩལ་འདེགས་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་གྲྭ་ཁག་7སྤེལ་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

     ཡུས་ཧྲི་ཐའོ་ཡིས། སའེ་ཧན་པཱ་ཡི“ལས་གཏོད་ཐེངས་གཉིས་པ”ནི་ལྗང་མདོག་གི་འགྲུལ་བཞུད་གསར་པ་ཞིག་ཡིན་པས། ང་ཚོས“སྤུས་ཚད་ལེགས་སུ་གཏོང་རྒྱུར”སྔར་བས་མཐོང་ཆེན་བྱས་ཏེ། ཚན་རྩལ་བྱ་ཐབས་ལ་བརྟེན་ནས་ནགས་ཚལ་གྱི་འབྱུང་ཁམས་མ་ལག་གི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་། ནགས་ཚལ་གྱི་གྲུབ་ཆ་ལེགས་སུ་བཏང་སྟེ། ནགས་ཚལ་གྱི་རྒྱུན་མཐུད་གཉེར་སྐྱོང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ལོ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སའི་པེ་ཅིང་གྲོང་ཁྱེར་ཧྥེང་ཐའེ་ཆུས་ཀྱིས་ཡུང་ཏིང་ཆུ་བོའི་ཝན་ཕིང་དུམ་བུའི་འགྲམ་ངོགས་ཀྱི་གཙང་འགྲམ་སྤྱི་གླིང་ཁྱུ་ཚོགས་བསྐྲུན་ཟིན་པ་དང་། དེ་ནི་སྤྱི་གླིང་མང་པོ་ལས་གྲུབ་ཅིང་། མིག་སྔར་གཙང་འགྲམ་མེ་ཏོག་ལྡུམ་རའི་མཛེས་ལྗོངས་ཧུར་ཐག་སྐྲུན་བཞིན་ཡོད་པ་རེད། འབྱུང་འགྱུར་སྤྱི་ཁྱབ་ཧྲུའུ་ཅིས “མང་ཚོགས་ཀྱི་ཉེ་འགྲམ་དུ་ལྗང་མདོག་དང་མིག་མདུན་དུ་མཛེས་ལྗོངས་ཡོད་པ་བྱེད་དགོས”ཞེས་པའི་བླང་བྱ་བཏོན་གནང་བ་ལྟར། ཤིང་འཛུགས་ནགས་བཟོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། ཧྥེང་ཐའེ་ཆུས་ཡུང་ཏིང་ཆུ་བོ་དོ་དམ་སུའོ་ཡི་སུའུ་ཀྲང་གཞོན་པ་ཏིང་ཧུང་ཝེ་ཡིས། ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་ཡུང་ཏིང་ཆུ་བོའི་མཐའ་འཁོར་དང་ལམ་རྒྱུད་སྔོ་ལྗང་དུ་འགྱུར་བ་དང་ཆུ་དེ་བས་དྭངས་གཙང་ཡོང་བ་བྱས་ཏེ། གྲོང་མི་རྣམས་ཀྱིས་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་ཐད་ཀར་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

     2013ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསྟུད་མར་ལོ་13རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་གནང་ཡོད། ཁོང་གིས། འོས་འགན་ཤིང་འཛུགས་ནི་དམངས་ཡོངས་ཀྱི་བྱ་སྤྱོད་ཅིག་ཡིན་པས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་སྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད། ད་ལོ་ས་གནས་ས་ཐོག་ཏུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པའི་པེ་ཅིང་གྲོང་ཁྱེར་ཧྥེང་ཐའེ་ཆུས་ཀྱི་སློབ་ཆུང་ལྔ་པའི་སློབ་མ་ཁྲང་ཡུས་དབྱང་གིས། རྒྱལ་སའི་སློབ་ཆུང་སློབ་མ་ཞིག་ཡིན་པའི་ངོས་ནས། ངས་ཤིང་འཛུགས་རྒྱུ་དེ་བས་ཀྱང་རྒྱུན་འཁྱོངས་བྱས་ནས། ང་ཚོའི་རྒྱལ་ས་དེ་བས་མཛེས་སྡུག་ལྡན་པ་དང་ལྗང་མདོག་དེ་བས་མང་བ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

     རྨ་ནུབ་བར་ཁྱམས་ཀྱི་ཤར་སྣེར་ཡོད་པའི་ཀན་སུའུ་ཝུའུ་ཝུའེ་གྲོང་ཁྱེར་མིན་ཆིན་རྫོང་དུ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དང་བླངས་པས་བྱེ་ཐང་དུ་ཤིང་སོན་འདེབས་འཛུགས་བྱས་ཡོད། དང་བླངས་པ་ཧོ་དབྱི་ཅང་གིས། ཕུགས་འདུན་ནི་ས་བོན་ཞིག་དང་འདྲ་བས། རེ་བའི་ས་བོན་བཏབ་ཚེ་འབྱུང་འགྱུར་འབྲས་བཟང་སྨིན་ངེས་ཤིང་། ཤིང་སོན་སྡོང་ཚོགས་རེ་རེ་ཡང་བྱེ་ཐང་ཁྲོད་ལྗང་གླིང་དུ་འགྱུར་བའི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ་ཅེས་བརྗོད་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།