ཁྱེད་རྣམས་ལ་དེ་རིང་ནས་སྲིད་ཇུས་འདི་ལོངས་སུ་སྤྱོད་ཆོག་གི་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     སྤྱི་ལོ་2025ལོའི་ཟླ་4ཚེས་1ཉིན་ནས་བཟུང་། རྟག་ཏུ་མེ་འཁོར་ལ་བསྡད་ནས་འགྲུལ་བཞུད་བྱེད་མཁན་དགུང་ལོ་60ཕེབས་པའི་འགྲུལ་པ་མེ་འཁོར་དུ་སྡོད་སྐབས་སྤ་སེའི་རིན་གོང་གི་ལྡབ་15ཡི་སྐར་གསོག་ལེན་རྒྱུ་ཡོད་པས་སྐར་གསོག་དེ་ནི་རྟག་ཏུ་མེ་འཁོར་ལ་སྡོད་མཁན་གྱི་སྤྱིར་བཏང་འགྲུལ་པའི་ལྡབ་3དང་གཅིག་མཚུངས་ཡིན་པ་རེད།

     གོང་གསལ་གྱི་གཟིགས་སྐྱོང་བྱེད་ཐབས་ཕུད། མེ་འཁོར་འབབ་ཚུགས་ཀྱིས་ད་དུང་འགྲུལ་པ་རྒན་རྒོན་ཚོར་དམིགས་ནས་སྔོན་ལ་བདེ་འཇགས་ཞིབ་བཤེར་དང་། ཐོབ་ཐང་ར་སྤྲོད། སྤ་སེ་ཞིབ་བཤེར་བཅས་ཀྱི་སྟབས་བདེ་དེ་བས་མང་བ་མཁོ་འདོན་བྱས་ཡོད་པ་རེད། འགྲུལ་པ་རྒན་རྒོན་ཚོས་བདེ་འཇགས་ཞིབ་བཤེར་དང་ཐོབ་ཐང་ར་སྤྲོད། སྤ་སེ་ཞིབ་བཤེར་བཅས་བྱེད་སྐབས། སྔོན་ལ་སྐྱོད་ཆོག་པ་མ་ཟད་གཅེས་སེམས་བགྲོད་ལམ་བརྒྱུད་འབབ་ཚུགས་ནང་འཛུལ་ཆོག་གི་ཡོད་པ་རེད། འོན་ཀྱང་གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་རྣམས་སྔོན་ནས་གྲ་སྒྲིག་བྱ་དགོས་ལ་འབབ་ཚུགས་ཀྱི་ལས་དོན་མི་སྣའི་བཀོད་སྒྲིག་ལ་གཞོགས་འདེགས་བྱེད་དགོས་ཀྱི་འདུག

     ལྕགས་ལམ་12306མ་ལག་ལས་སྟེགས་བརྒྱུད་ཉལ་ཁྲི་ཡོད་པའི་མེ་འཁོར་སྤ་སེ་ཉོ་མཁན་དགུང་ལོ་60ཕེབས་པའི་འགྲུལ་པ་རྒན་རྒོན་རྣམས་ལ་རང་འགུལ་གྱིས་ཉལ་ཁྲི་འོག་ཤོད་ཀྱི་སྤ་སེ་འཚོང་གི་ཡོད་པ་རེད། གཞན་ཡང་དམིགས་བསལ་གཙོ་གནད་ཀྱི་འགྲུལ་པ་སྟེ། དཔེར་ན་དགུང་ལོ་65ཡོལ་བ་དང་ཁེར་རྐྱང་ངང་མེ་འཁོར་བསྡད་ཅིང་བགྲོ་སྐྱོད་སྟབས་བདེ་མེད་པའི་འགྲུལ་པ་རྒན་རྒོན་ཡིན་ཕྱིན། དམིགས་བསལ་གཙོ་གནད་འགྲུལ་པའི་ཞབས་ཞུ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། དེའང་མེ་འཁོར་གྱི་གོ་ཆོད་སྤ་སེ་ཡོད་པའི་དམིགས་བསལ་གཙོ་གནད་ཀྱི་འགྲུལ་པས་ལྕགས་ལམ་12306དྲ་ཚིགས་(App)དང་། ལྕགས་ལམ་ཤར་བགྲོད་ཨང་གྲངས་12306འཛད་སྤྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་དྲ་ཐོག་གམ་ཡང་ན་ས་གནས་ས་ཐོག་གི་མེ་འཁོར་འབབ་ཚུགས་ཀྱི་12306ཞབས་ཞུའི་སྟེགས་བུ་དང་། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་སྔོན་མངགས་རེ་ཞུ་བྱེད་ཆོག་གི་འདུག སྔོན་མངགས་བྱེད་སྐབས་འབྲེལ་ཡོད་འགྲུལ་བཞུད་ཆ་འཕྲིན་དང་། ཞབས་ཞུའི་དགོས་མཁོ། གོ་ཆོད་དཔང་ཡིག་བཅས་མཁོ་འདོན་བྱེད་དགོས་ཀྱི་ཡོད་པ་རེད།

     སེམས་རྩ་འཁོལ་བའི་ཕྱོགས་སྟོན་ཡིན་ནའང་འདྲ། སྟབས་བདེའི་སྒྲིག་ཆས་ཡིན་ནའང་འདྲ། གང་ལྟར་ཡང་ཕྱོགས་གང་ས་ཅི་ཐད་ནས་འགྲུལ་པ་རྒན་རྒོན་ཚོར་དེ་བས་སྟབས་བདེ་ལ་བདེ་འཇགས་ལྡན་པའི་འགྲུལ་བཞུད་ཀྱི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།