ཟླ4པའི་ཚེས3ཉིན། ནུབ་མཚོའི་སྒོ་ཁྲལ་མཚོ་ལྷོ་ཁུལ་བྱ་བའི་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ནས་སྤེལ་བ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་རིམ་པའི་སྒོ་ཁྲལ་བྱ་བའི་ཞབས་ཞུའི་ས་ཚིགས་ཐོག་མ་དངོས་སུ་བཙུགས་པ་མཚོན།
སྒོ་ཁྲལ་བྱ་བའི་ཞབས་ཞུའི་ས་ཚིགས་ནི་སྒོ་ཁྲལ་དང་ས་གནས་ཏང་སྲིད། ཁེ་ལས་བཅས་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་ལ། སྒོ་ཁྲལ་དང་ས་གནས་མཉམ་ལས་ཟབ་སྤེལ་བྱེད་པའི་དཔེ་སྟོན་སྒེའུ་ཁུང་ལྟ་བུའང་ཡིན། བྱ་བའི་ས་ཚིགས་འཁོར་རྒྱུག་བྱས་རྗེས། སྒོ་ཁྲལ་གྱི་ལས་བྱེད་མི་སྣས་མཚོ་ལྷོ་ཁུལ་གྱི་ནང་འདྲེན་ཕྱིར་གཏོང་ཁེ་ལས་ལ་སྲིད་ཇུས་བློ་འདྲི་དང་ལས་སྒོའི་མཛུབ་སྟོན། ལྟ་སྐུལ་དོ་དམ་ལེགས་པོ་བྱེད་པ་དང་མགྱོགས་མྱུར་ངང་འགག་སྒོ་ལས་བརྒལ་བ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཁེ་ལས་ཀྱི་འགག་སྒོ་བརྒལ་བའི་དཀའ་གནད་དང་གནད་དོན་ནུས་མཐོ་སྒོས་ཐག་གཅོད་བྱེད་ལ། ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་རོགས་སྐྱོར་བྱེད་པ། མཚོ་ལྷོ་ཁུལ་དེ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ཁྲོད་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུ་རེད། 2024ལོར། མཚོ་ལྷོ་ཁུལ་གྱི་ནང་འདྲེན་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་ལྡབ་ལྔ་དང་གྲངས་ཆུང་བཞི་ཡིས་འཕར་ཡོད། ད་ལོའི་ཟླ་སྔོན་མ་གཉིས་ལ་མཚོ་ལྷོ་ཁུལ་གྱི་ནང་འདྲེན་ཕྱིར་གཏོང་གི་སྤྱི་འབོར་ལོ་སྔོན་མ་དང་བསྡུར་ན་ལྡབ་གཉིས་དང་གྲངས་ཆུང་གཅིག་གིས་འཕར་ཡོད།
ཟི་ལིང་སྒོ་ཁྲལ་ལ་གཏོགས་པའི་ནུབ་མཚོའི་སྒོ་ཁྲལ་གྱི་འགན་འཁུར་མི་སྣས་བསྟན་དོན། ཞབས་ཞུའི་ས་ཚིགས་དངོས་སུ་བཙུགས་རྗེས། མཚོ་ལྷོ་ཁུལ་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་སྒོ་ཁྲལ་དང་ས་གནས་ཀྱི་ནུས་མཐོའི་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་། མཚོ་ལྷོ་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་དངོས་ཡོད་ལ་རྐང་བཙུགས་ནས། ལྟ་ཞིབ་ཞིབ་འཇུག་ནུས་པར་ཤུགས་སྣོན་པ་དང་། སྒོ་ཁྲལ་གྱི་སྡོམ་རྩིས་དབྱེ་ཞིབ་དང་འདྲི་རྩད། ནང་འདྲེན་ཕྱིར་གཏོང་ལྟ་ཞིབ་ཚད་ལེན་སྔོན་བརྡ་བཅས་ཇེ་ལེགས་སུ་གཏོང་བ་དང་། ས་གནས་ཀྱི་ཇུས་ཆོད་ལ་ཞབས་འདེགས་ལེགས་པོ་ཞུ་རྒྱུ་ཡིན། སྲིད་ཇུས་སྒྲོག་འགྲེལ་ལེགས་པོ་བྱེད་པ་དང་། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་རོགས་བྱེད་པའི་སྲིད་ཇུས་སྣ་ཚོགས་བཀོལ་བར་རོགས་རམ་བྱེད་པ། ཉོ་ཚོང་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ། ནང་འདྲེན་ཕྱིར་གཏོང་ཁེ་ལས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ། ཉ་རིགས་དང་འཁྱགས་གྲང་སྔོ་ཚལ། ནས་བཟོས་ཐོན་རྫས། སྐམས་ཤ་དང་ལུག་ཤ། ཀྲུང་བོད་སྨན་རྫས་རྒྱུ་ཆ་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཐོན་ལས་སྡེ་ཚོགས་གྲུབ་པར་རོགས་ཤུགས་བཏོན་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པར་སྔར་ལས་སྟོབས་ཤུགས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ལིས་ཀོ་ཞུང་གིས་བསྟན་དོན། སྒོ་ཁྲལ་བྱ་བའི་ཞབས་ཞུའི་ས་ཚིགས་དངོས་སུ་བཙུགས་པ་དེས་སྒོ་ཁྲལ་དང་ས་གནས་སྲིད་གཞུང་གིས་མཚོ་ལྷོ་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དང་འགུལ་སྐྱོད་ཀྱི་མཉམ་ཤུགས་མངོན་ཡོད། མཚོ་ལྷོ་ཁུལ་གྱིས་ཞབས་ཞུའི་ས་ཚིགས་སྦྲེལ་ཐག་ཏུ་བྱེད་པ་དང་། སྒོ་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། དག་གཙང་ནུས་ཁུངས་དང་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་དགེ་མཚན་ལྡན་པའི་ཐོན་ལས་དང་རྒྱལ་སྤྱིའི་ཁྲོམ་ར་སྦྲེལ་མཐུད་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་མཉམ་འགུལ་དང་ཐོན་ཁུངས་མཉམ་སྤྱོད། ཐོན་ལས་གསོ་སྤེལ་སོགས་ཕྱོགས་ཀྱི་འདུས་གྲུབ་ནུས་སྣང་ཇེ་ཆེར་བཏང་སྟེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་དང་། མཚོ་སྔོན་རྟགས་ཅན་གྱི་ཁྱད་ལྡན་ཐོན་ལས་སྔར་ལས་མང་པོ་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།