གཟའ་རེའི་གསར་འགྱུར་གནད་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། སྒྲིག་སྒྱུར་བ། ཁོན་ཐར་འཚོ།

ཟླ3ཚེས24ཉིན། ནེ་པ་ལའི་ཡུལ་ཤུལ་ཆུ་གསུམ་འགོ་ཁུངས་རྒྱལ་སྤྱིའི་ཟོང་འདྲེན་ཀུང་སི(གཤམ་དུ་ཆུ་གསུམ་ཟོང་འདྲེན་ཞེས་བསྡུ་རྒྱུ)དེ་ནེ་པ་ལའི་ཀ་ཏ་མན་རྡུ་རུ་གཉེར་ནས་དངོས་སུ་སྒོ་ཕྱེས་ཤིང་། དེ་ནི་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འགྲོ་འོང་དང་དཔལ་འབྱོར་རིག་གནས་བརྗེ་སྤེལ་ཐད་བཙུགས་པའི་ཕན་ཕྱོད་སྔར་ལས་མཐོ་ལ།   སྟབས་སྔར་ལས་བདེ་བའི་འབྲེལ་ཟམ་ཞིག་རེད།   ནེ་པ་ལའི་དེ་སྔའི་ཆ་འཕྲིན་དང་བརྡ་འཕྲིན་ལག་རྩལ་པུའུ་ཀྲང་།  གྲོས་ཁང་འོག་མའི་གྲོས་མི་ཀེ་ཁུར·ཕུ་ར་ས་ཏེ·པ་སི་ཁེ་ཐ།  ནེ་པ་ལའི་ཕྱིར་སྡོད་རང་མིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཞའོ་ཏུང་།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་སྐལ་བཀྲ།  བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བརྒྱ་ལྷག་བཅས་སྒོ་འབྱེད་པའི་མཛད་སྒོར་ཞུགས།

ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རིག་དངོས་ཡོངས་བཤེར་རུ་ཁག་གིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས4བ་སྤེལ་བའི་སྐབས་སུ་རི་ཐང་དུ་རྟོག་ཞིབ་བྱེད་དུས་གསར་རྙེད་བྱུང་བའི་བྲག་རྐོས་རི་མོའི་ཚོགས་ཤིག་རྙེད།    དེ་ནི་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཁོངས་སུ་ཡོད་ཅིང་། ཧ་ལམ་སྨི་གྲུ་བཞི་མ6000གི་བྲག་ངོས་སུ་འབྲོང་དང་རྟ། ལུག   ཤྭ་བ།  གསའ། སྤྱང་ཀི་ལ་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་བརྐོས་ཡོད་པ་དང་།  ཧ་ལམ་ལི་ཆས་དུས་རབས་ནས་རྒྱའི་ཐང་སུང་གི་དུས་སྐབས་ལ་འཁེལ་ཡོད་པས།  ད་ནས་ཡར་དེད་ན་ཆེས་སྔ་བ་ལོ་ངོ3000འདས་ཡོད་སྐད།  

ཟླ3ཚེས27ཉིན། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་བཞི་པས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་སྲོལ་ཡིག》(གཤམ་ནས《སྲོལ་ཡིག》ཅེས་བསྡུ་རྒྱུ)དེ2025ལོའི་ཟླ་6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན།    ཉེ་ཆར་མཇུག་སྒྲིལ་བའི2025ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་པོའི་འགྲན་སྡུར(ས་ཚིགས2པ)དང་ཏུང་ཅིན་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་གདམ་གསེས་འགྲན་སྡུར་ཁྲོད།    མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་གི་རུ་མི་ལྷ་སྲུང་སྐྱབས་ལ་སྐྱེས་པའིU16ཚོགས་ཆུང་གི་སྤྱི་ལེ5ཡི་ཨང་དང་པོ་ཐོབ།     

ཟླ4ཚེས1ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རང་ཞིང་གི་ས་གནས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་འཕེལ་སྟངས་སྔོག་འདོན་བྱས་ཏེ།  རང་ཞིང་གི་དཔེ་མཚོན་ཅན་གྱི་གསོ་བཅོས་བྱེད་ཐབས་འཚོལ་སྡུད་ལེགས་སྒྲིག་ཐོག “མཚོ་སྔོན་གྱི་གསོ་བཅོས་བྱེད་ཐབས”མཛོད་བཙུགས་ནས་རང་ཞིང་གི་ཀྲུང་བོད་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་གསོ་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་དེ་རྒྱལ་ཁབ་སྨན་རྫས་ཀྱི་ཚད་གཞི་ལྡན་པ་ཞིག་ཏུ་བསྒྱུརབར་རོགས་རམ་དང་། མི་རིགས་སྨན་རྫས་ཕྱིར་བསྐྱོད་པར་སྐུལ་འདེད་གཏང་རྒྱུ་རེད།

ཟླ4ཚེས2ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ལམ་ཀྲུང་གོའི་ཞིང་སྦོལ་དཔལ་འབྱོར་གོང་སྤེལ་ལྟེ་གནས་ཀྱིས་ཞིང་སྦོལ་སྐོར་ཞིག་སྤུས་རྟགས་གྲགས་ཅན་ནང་བདམས་པའི་དཔང་ཡིག་གནང་།  མཚོ་སྔོན་ཞིང་ཆེན“ཚྭ་འདམ་གཞོང་ཞིང་སྦོལ”དང་“མའོ་ཧི་རྔ་མོང་གསོ་ར”“འཕང་འབྲས་རྒྱལ་པོ”“ཁུ་ནུ་ཆུ་གསུམ་འགོ་ཁུངས”སོགས་ཞིང་སྦོལ་སྤུས་རྟགས་གྲགས་ཅན12《ཀྲུང་གོའི་ཞིང་སྦོལ་སྤུས་རྟགས་གྲགས་ཅན་གྱི་དཀར་ཆག》ནང་བདམས་པ་རེད།   ད་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་ཞིང་སྦོལ་སྤུས་རྟགས་གྲགས་ཅན་ནང་བདམས་པའི་ཁྲོད་དུ།   ས་ཁོངས་རང་བཞིན་གྱི་སྤྱི་གཞུང་ཞིང་སྦོལ་ཁུལ་གྱི་སྤུས་རྟགས་གྲགས་ཅན་གཅིག་དང་།   ཁེ་ལས་ཀྱི་སྤུས་རྟགས་གྲགས་ཅན་ལྔ།   ཐོན་རྫས་ཀྱི་སྤུས་རྟགས་གྲགས་ཅན་དྲུག་བཅས་འདུ་བ་དང་།  གཙོ་བོ་ནོར་ནག་དང་།  བོད་ལུག   ནས།  སྐེ་ཚེ།   ཕྱུགས་རྩྭ།   འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་དུ་མར་འབྲེལ་ཡོད།

ཟླ4ཚེས2ཉིན། གསར་འགོད་པས། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན།  དྭངས་གསལ་དུས་ཆེན་གྱི་གུང་གསེང་ཐུང་ངུའི་མགྲོན་སྐྱེལ་གྱི་དགོས་མཁོར་གཞིགས་ཏེ། ཀུང་སི་དེས་ལམ་ཐིག་ཁ་ཅིག་ལ་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་རྒྱག་རྒྱུ་ཐག་བཅད།  ཁྲེང་ཏུའུ་ཕྱོགས་སུ། ཟླ4ཚེས3ཉིན་ནས་ལྔ་ཉིན་བར་ཟི་ལིང་ནས་ཁྲེང་ཏུའུ་ནུབ་ཕྱོགས་སུ་མེ་འཁོརK4216/5གནས་སྐབས་ཁ་སྣོན་བྱ་རྒྱུ།   ཞི་ཨན་ཕྱོགས་སུ། ཟླ4ཚེས3ཉིན་ནས་ཚེས6ཉིན་བར་མེ་འཁོརD2732/1གཏང་རྒྱུ།   ཟླ4ཚེས4ཉིན་ནས་ཚེས6ཉིན་བར་མེ་འཁོརD2736/5次གཏང་རྒྱུ།   ལྷ་ས་ནས་གཞིས་རྩེ་ཕྱོགས་སུ། ཟླ4ཚེས3ཉིན་ནས་ཚེས་5ཉིན་བར་མེ་འཁོརC925/6ཁ་སྣོན་རྒྱག་རྒྱུ།  ན་གོར་མོའི་ཕྱོགས་སུ། ཟླ4ཚེས3ཉིན་ནས་ཚེས6ཉིན་མེ་འཁོརK6821/2དང་K6823/4གཉིས་ཁ་སྣོན་བྱ་རྒྱུ། རྒྱ་མདོའི་ཕྱོགས་སུ། ཟླ4ཚེས3ཉིན་ནས་ཚེས6ཉིན་བར་མེ་འཁོརD9911/2དངD9913/4ཁ་སྣོན་བྱ་རྒྱུ་རེད།  རྒྱ་ཆེའི་སྐུ་མགྲོན་རྣམས་ཀྱིས་འབྲེལ་ཡོད་མེ་འཁོར་གྱི་པ་སེ་ཉོ་སྒྲུབ་དང་མེ་འཁོར་ཤར་གཏོང་གི་དུས་ཚོད་སོགས་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན།  ཀྲུང་གོའི་ལྕགས་ལམ12306དྲ་ཚིགས(12306ཁ་པར་གྱིAPP)བརྒྱུད་དེ་རྒྱུས་ལོན་གསལ་བོ་བྱས་ནས་པ་སེ་ཉོ་སྒྲུབ་དང་ཡང་ན། ཀྲུང་གོའི་ལྕགས་ལམ12306རྩད་འདྲི་ཁ་པར་བརྒྱུད་ནས་རྩད་འདྲི་བྱས་ཆོག

ཟླ4ཚེས2ཉིན། མཚོ་སྔོན་གྱི་ས་ཆ་མང་ཤོས་ལ་རླུང་ཆེན་གཡུག་པའི་ཉེན་ཆེའི་ཉེན་བརྡ་སེར་པོ་བརྒྱབ།  འབྲེལ་ཡོད་ས་ཁུལ་ལ་རིམ་པ7ཡན་གྱི་རླུང་ཆེན་དང་རིམ་པ8ཡན་གྱི་དྲག་རླུང་གཡུག་རྒྱུ་ཡིན་ཞིང་། དེ་ལས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་གཅིག་སྒྲིལ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། རྨ་སྟོད་རྫོང་།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་བཅས་སུ་རླུང་ཆེན་གཡུག་ཉེན་ཆེ་བའི་ཉེན་བརྡ་སེར་པོ་བརྒྱབ། འབྲེལ་ཡོད་ས་ཁུལ་ལ་ད་དུང་རིམ་པ9ཡན་གྱི་རླུང་ཆེན་དང་། རིམ་པ10ཡན་གྱི་དྲག་རླུང་གཡུག་པའི་ཉེན་ཁ་ཡོད་པའི་སྔོན་བརྡ་བརྒྱབ།

ཟླ4པའི་ཚེས2ཉིན་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ། 2024ལོའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་མི་དམངས་ཉེན་རྟོག་པ་208ཡོད་ཅིང་། དེའི་ནང་བོད་ལྗོངས་ཀྱི་མི་དྲུག(བོད་རིགས)དང་། མཚོ་སྔོན་གྱི་མི་གཅིག་ཡོད་པ་རེད།     

 ཟླ3ཚེས26ཉིན། ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་གྲོས་ཚོགས་སྟེང་དུ《ཡུན་ནན་ཞིང་ཆེན་ཉིན་ཨར་ཧ་ནེ་རིགས་དབྱི་རིགས་རང་སྐྱོང་རྫོང་མི་རིགས་མཐུན་སྒྲིལ་མནའ་གཙིགས་རྡོ་རིང་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད།  ཉིན་ཨར་རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁྱབ་སྒྲོག་ལག་བསྟར་བྱ་དགོས་པའི་ཆོག་མཆན་སྤྲད།1951ལོའི་སྤྱི་ལོའི་ལོ་གསར་གྱི་སྐབས་སུ། ཕུའུ་ཨར་ཁུལ་གྱི་རྫོང15ཡི་མི་རིགས་ཁག་གི་འཐུས་མིས་གླང་དམར་མཆོད་དང་། མནའ་ཚིག་བོར་བ་སོགས་སྲོལ་རྒྱུན་གྱི་མནའ་བོར་བའི་ཆོ་ག་སྤེལ་རྗེས།  མཉམ་དུ“བསམ་སྤྱོད་གཅིག་གིས་མཐུན་སྒྲིལ་མཐའ་གཅིག་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག   འདྲ་མཉམ་རང་དབང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་འཛུགས་སྐྲུན་ལ་འབད་འབུངས་བྱེད་ཅེས་མནའ་བོར་ཞིང་མནའ་ཚིག་རྡོ་རིང་ངོས་སུ་བརྐོས།  ཕྱིས་སུ་དེ་ལ“ཀྲུང་གོ་གསར་བའི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་དང་པོ”དང“ཀྲུང་གོ་གསར་བའི་མི་རིགས་ལས་དོན་གྱི་རྡོ་རིང་དང་པོ”ཞེས་པའི་མཚན་སྙན་སྒྲོན་ནས་གསར་བརྗེ་རིག་གནས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཏུ་གྱུར། 

 སྤྱི་ཟླ3ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ20ཡི་སྟེང་དུ་འབར་མ་རྒྱལ་ཁབ་ཏུ་ཚད་རིམ7.9ཡི་ས་ཡོམ་བྱུང་ནས་རང་རྒྱལ་གྱི་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་མང་ཤོས་སུ་ཡོམ་ཚོར་མངོན་གསལ་བྱུང་། ཟླ4ཚེས2ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན།  ད་སྔའི་བར་ས་ཡོམ་ཁྲོད་མི་3003རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི4515ལ་རྨས་ཕོག  གཞན་མི351གར་སོང་མ་རྙེད་པར་ལུས་འདུག། 

 ཟླ4ཚེས2ཉིན་ལ། ཨ་རིས་སྲིད་འཛིན་ནས་ཉོ་ཚོང་རོགས་ཟླ་གཙོ་བོ་ཕྱོགས་ལ་ཁྲལ་ལག་སྣོན་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་ཏེ།  ཀྲུང་གོའི་ཞང་ཀང་དང་ཨའོ་མན་ལ་34%ཡི་ཁྲལ་བསྡུ་རྒྱུ་ཞེས་པའི་སྐོར་ལ་ཀྲུང་ཕྱོགས་ནས་དེ་ལ།  ཨ་རིའི་ཕྱོགས་ཀྱིས“འདྲ་མཚུངས”ལ་ཁ་གཡར་ཏེ།    ཀྲུང་གོ་འདུ་བའི་རྒྱལ་ཁབ་དུ་མས་ཨ་རིར་འདྲེན་པའི་ཐོན་རྫས་ལ་ཁྲལ་ལག་སྣོན་རྩིས་ཡོད་པ་དེ་ནི་འཛམ་གླིང་གི་ཉོ་ཚོང་རྩ་འཛུགས་ཀྱི་རྩ་དོན་དང་ཚབས་ཆེན་འགལ་ཡོད་པར་མ་ཟད།  ཕྱོགས་དུ་མའི་ཉོ་འཚོང་ལམ་ལུགས་ལ་གནོད་པ་ཚབས་ཆེན་བཏང་ཡོད་པས་ཀྲུང་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། བྱེད་ཐབས་ངེས་ཅན་བཏོན་ནས་རང་ཕྱོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་བྱ་རྒྱུ་ཡིན་ཞེས་བསྟན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།