ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུཊ་འཕེལ་རྒྱས་ཧུར་ཐག་གཏོང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ་དེ་ཡིན་པས། ངེས་པར་དུ་གསར་གཏོད་ཀྱི་རྩོམ་ཡིག་གལ་ཆེན་དེ་མུ་མཐུད་ཡག་པོ་བྲིས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་འདི་ཉིད་ཞིང་ལས་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བར་འཕེལ་རྒྱས་འགྲོ་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་གྲུབ་འབྲས་རྒྱ་ཁྱོན་ཆེན་པོས་ཁྱབ་སྤེལ་བེད་སྤྱོད་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་ཏན་ཏིག་ངང་མདུན་སྐྱོད་བྱེད་བཞིན་ཡོད། 

མིག་སྔར། རྒྱལ་ཡོངས་སུ་རྨོ་འདེབས་དང་རྨོ་གྲབས་ཀྱི་ལས་དོན་སྔ་རྗེས་སུ་སྤེལ་བཞིན་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཆེ་ཤོས་ཀྱི་ཞིང་ཆེན་དང་པོ་ཧེ་ལུང་ཅང་དུ་ཆུ་འབྲས་ཀྱི་ས་བོན་སྦངས་ནས་མྱུ་གུ་འབུས་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ཧེ་ལུང་ཅང་གསར་སྦོལ་ཆུས་པའོ་ཆོན་ལིང་ཞིང་རར་ད་ལོ་སོན་འདེབས་འཁོར་རྒྱུག་ལམ་ཐིག་སྒྲིག་ཆས་དང་ལྗང་སྡེར་རང་འགུལ་གྲལ་བརྩེགས་འཕྲུལ་མི་སོགས་ལས་གྲུབ་པའི་བཟོ་གྲྭ་ཅན་གྱི་ལྗང་འདེབས་ཐོན་སྐྱེད་ལམ་ཐིག་ནང་འདྲེན་བྱས་པས། ཆུ་འབྲས་ལྗང་འདེབས་ཀྱི་ལྷུ་ཚིགས་ཧྲིལ་པོ་རིག་ནུས་ཅན་དང་འཕྲུལ་ཆས་ཅན་མངོན་འགྱུར་ཐུབ་ཡོད། ཞིང་རའི་ཞིང་ལས་ཐོན་སྐྱེད་པུའི་པུའུ་ཀྲང་གཞོན་པ་ཝང་ཁྲང་པིན་གྱིས། སྲོལ་རྒྱུན་གྱི་རྣམ་པ་དང་བསྡུར་ན་ལས་ཕྱོད་དེ་བས་མཐོ་རུ་ཕྱིན་པ་དང་། ལྗང་འདེབས་ཀྱི་དུས་ཡུན་ཉིན་7ཡན་ཐུང་དུ་ཕྱིན་ཡོད། ཚད་གཞི་ཧ་ཅང་ཞིབ་ཚགས་ཡིན་པ་དང་སོན་འབྲུ་རྡོག་རེ་རེ་ནས་སྤུས་ཚད་མཐོ་བའི་མྱུ་གུ་འབུད་ཐུབ་པས། འབྲུ་རིགས་ཀྱི་ཐོན་འབབ་ཡག་པོ་དང་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུར་འགན་སྲུང་ཐུབ་ཡོད། ཐོན་སྐྱེད་བརྒྱུད་རིམ་གྱི་ལས་སྒྲུབ་ཐད་ད་དུང་མི་ཤུགས་དང་ས་ཞིང་ལ་མ་འཇོག་བྱེད་ཤུགས་ཆུང་དུ་ཕྱིན་ནས། མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག

ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཚན་རྩལ་ནི་ལག་ཆ་གལ་ཆེན་ཞིག་ཡིན། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་“ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས”ཞེས་ཐོག་མར་བཏོན་ཡོད་ཅིང་། གང་དེས་རང་རྒྱལ་གྱི་ཞིང་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགག་རྩའི་ཤུགས་རྒྱག་ས་གསལ་སྟོན་བྱས་ཡོད། 

ཉེ་ཆར། ཧོ་ནན་གྱི་གྲོ་མུའུ་ཁྲི་8500ལྷག་ཙམ་རིམ་བཞིན་སྡོང་རྒྱས་དུས་ཚོད་ལ་སླེབས་ཡོད། ཧོ་ནན་ཞིང་ཆེན་ལུའོ་ཧོ་གྲོང་ཁྱེར་ཡོན་ཧུའེ་ཆུས་ཀྱི་མུའུ་ཁྲི་ཟིན་པའི་ཚད་གཞི་མཐོ་བའི་ཞིང་ནང་དུ། འོད་རིམ་མང་བའི་མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་སྐོར་ཞིབ་བྱེད་པ་དང་། དེ་རྗེས་མིས་ཐབས་རིག་ནུས་ཀྱི་པར་རིས་དབྱེ་འབྱེད་བྱས་པ་བརྒྱུད། གྲོའི་སྐྱེ་འཚར་རྣམ་པ་དང་། འཚོ་བཅུད་ཆུ་ཚད། ནད་འབུའི་གནོད་འཚེ་སོགས་ཀྱི་ཐད་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཡོད། ཡོན་ཧུའེ་ཆུས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞིབ་འཇུག་པ་ཀྲུའུ་ཡའོ་ཧྭ་ཡིས། རྒྱུན་གཏན་ཞིབ་བཤེར་བྱེད་སྐབས། མྱུ་གུ་འཐེན་ནས་དེའི་བཞའ་ཚན་དང་གནོད་འཚེར་བལྟ་དགོས་པས། དུས་ཚོད་མང་པོ་འགོར་གྱི་ཡོད། འོད་རིམ་མང་བའི་མི་མེད་གནམ་གྲུ་སྤྱད་ནས་ཞིབ་དཔྱད་ཚད་ལེན་བྱས་རྗེས། མྱུ་གུ་འཐེན་མི་དགོས་པར་ཐད་ཀར་ཐེངས་གཅིག་འཕུར་ན་གྲོའི་སྐྱེ་འཚར་གྱི་གནས་ཚུལ་ཤེས་ཐུབ་ཅེས་གསུངས་པ་རེད།

འོད་རིམ་མང་བའི་མི་མེད་གནམ་གྲུས་གནད་ལ་འཁེལ་བའི་སྒོ་ནས་ཞིང་ནང་དུ་སྐོར་ཞིབ་བྱེད་པ་དང་། རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུས་ཚད་དང་ལྡན་པའི་ངང་ལུད་རྒྱག་པ། རིག་ནུས་ཀྱི་ཆུ་འདྲེན་ཆུ་འབུད་མ་ལག་བསྐྲུན་པ་སོགས་མིག་སྔར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཁྱོན་ཡོངས་ནས་འཛམ་གླིང་གི་བང་གྲལ་ཨང་དང་པོར་སླེབས་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་63.2%ཟིན་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞིང་འཕྲུལ་སྒྲིག་ཆས་ནི་ཞིང་ལས་ཐོན་སྐྱེད་ཀྱི་ནུས་ཕྱོད་མཐོ་རུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ད་ལོ། གློག་སྒུལ་མྱུར་ཚད་མགྱོགས་པའི་གནད་འཕིགས་རྨོ་འདེབས་འཕྲུལ་འཁོར་དང་། དེའུ་འབུར་རི་མ་ཐང་གི་འདྲུད་འཐེན་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་ཞིང་འཕྲུལ་ཁག་གཅིག་དཔྱིད་རྨོས་ཐོན་སྐྱེད་བྱེད་སར་མགྱོགས་མྱུར་སྤྱོད་རྒྱུར་བཀོད་སྒྲིག་བྱེད་བཞིན་ཡོད། ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཁུལ་ལུའུ་ཅ་ཀུའོ་གྲོང་རྡལ་གྱི་ཞོག་ཁོག་འདེབས་སར། གསར་དུ་ཞིབ་སྤེལ་བྱས་པའི་ལྟེབས་སྣོན་ཕྱོགས་བསྒྱུར་འཁོར་རྣམ་འདྲུད་འཐེན་འཕྲུལ་འཁོར་གྱིས་ཞིང་ཁ་ཆུང་ཆུང་དེའི་ཐོག་བདེ་ལྕག་འཁྱུག་པོས་ཞོག་ཁོག་འདེབས་བཞིན་ཡོད། དེའི་གོང་ཞོག་ཁོག་སྟར་པ་ལྔ་ལས་འདེབས་ཐུབ་ཀྱི་མེད་པའི་ཞིང་ཁ་དེའི་ཐོག་ཞིང་ལས་འཕྲུལ་ཆས་གསར་པ་སྤྱད་རྗེས་ད་ཆ་ཞོག་ཁོག་སྟར་པ་དྲུག་འདེབས་ཐུབ་ཀྱི་ཡོད། ཀན་སུའུ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་ཁྲུའི་ཁྲུའུ་ཀྲང་ལིའུ་ཝེན་ཝུའུ་ཡིས། ལྷག་པར་དུ་ཉེ་བའི་ལོའི་རིང་གསར་དུ་ཞིབ་བཟོ་བྱས་པའི་བྱེད་ནུས་ཆེ་བའི་སོན་འདེབས་འཕྲུལ་ཆས་དང་། གློག་སྒུལ་ཞིང་ལས་འཕྲུལ་འཁོར་སོགས་དཔྱིད་རྨོས་ཐོན་སྐྱེད་ཁྲོད་རྒྱ་ཁྱབ་ངང་སྤྱད་ཡོད་པ་དང་། རྣམ་པ་གསར་པའི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་བཀོད་སྤྱོད་བྱས་པ་དེས་འབྲུ་རིགས་ལོ་ཏོག་གི་འདེབས་ཁྱོན་ཆེ་བའི་ཐོན་སྐྱེད་རྐྱང་པའི་ཐོན་འབར་མང་དུ་ཕྱིན་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ལོ་ཏོག་འཕྲུལ་ཆས་ལ་བརྟེན་ནས་འདེབས་འཛུགས་དང་བརྔ་བསྡུ་བྱེད་ཚད་དེ་བརྒྱ་ཆ་68.7ཟིན་པ་དང་། དེ་ལོ་གོང་མ་ལས་བརྒྱ་ཆའི་གནས་2ཀྱི་མཐོ་བ་ཡོད་ཅེས་གསུངས་ཡོད། 

ཞིང་ལས་ཀྱི་གཞི་རྩའི་ཐབས་ལམ་ནི་ཚན་རྩལ་ཡིན་པ་དང་། འགག་རྩ་ནི་ས་བོན་ཡིན། ཧའེ་ནན་ཞིང་ཆེན་སན་ཡ་ཡ་ཀྲོའུ་ཝན་མཚོ་ཁུག་གི་ཚན་རྩལ་གྲོང་དུ་གནས་པའི་“ནན་ཧྥན་ཀུའེ་ཀུའུ”ནི་རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཚན་རྩལ་གསར་གཏོད་ཀྱི་འབྱུང་རྩ་ཡིན། ཚོད་རྩིས་བྱས་ན། རང་རྒྱལ་གྱི་དཔྱིད་འདེབས་ནང་སྤྱོད་པའི་ས་བོན་ཁྲོད། སྣ་རིགས་བརྒྱ་ཆ་70ཙམ་ཐད་ཀར་རམ་ཡང་ན་གཞན་རྒྱུད་ཀྱི་རྣམ་པའི་ཐོག་ནས་“ནན་ཧྥན་ཀུའེ་ཀུའུ”ཡི་ཚན་ཞིབ་དང་ཐོན་སྐྱེད་གྲུབ་འབྲས་ལས་བྱུང་བ་ཞིག་ཡིན། ད་ཆ།“ནན་ཧྥན་ཀུའེ་ཀུའུ”ཡིས་ཞིང་ལས་ཚན་ཞིབ་ཀྱི་སྟེགས་བུ་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ནས། འགག་གཏོར་རང་བཞིན་གྱི་སོན་རིགས་ཁག་གཅིག་གང་མགྱོགས་གསོ་སྤེལ་བྱེད་བཞིན་ཡོད། སན་ཡ་གློག་རྡུལ་མྱུར་སྣོན་འཕྲུལ་ཆས་ཐོལ་འགྱུར་གསོ་སྤེལ་ཚོད་ལྟ་ཁང་གི་ལག་རྩལ་སྤྱི་ཁྱབ་བཟོ་སྐྲུན་པ་ཞུ་ཏེ་ཁྲུན་གྱིས། ལས་འགན་གཙོ་བོ་ནི་ས་བོན་ གསར་པ་གསོ་སྤེལ་བྱས་ནས། རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཆེད་ཐོལ་འགྱུར་མ་ལག་གི་ཐོན་ཁུངས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ཁྱབ་འགྱེད་ཐོལ་འགྱུར་ལག་རྩལ་ལ་བརྟེན་ནས་ཞིང་ལས་སྐྱེ་དངོས་ཀྱི་སྣ་རིགས་གསར་པ་སྔར་བས་མང་བ་གཏོད་དེ། ང་ཚོའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་ཆེད་ལག་རྩལ་ཐོག་གི་འགན་སྲུང་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། 

ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཞིང་ལས་དང་གྲོང་གསེབ་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་ས་ཡག་པོ་ཞིག་རེད། 《རྒྱལ་ཡོངས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས་(2024ལོ་ནས་2028ལོའི་བར》ཁྱབ་བསྒྲགས་བྱས་པ་ནས། ཞིང་ལས་འཕྲུལ་ཆས་རྙིང་པ་བེད་མེད་དུ་གཏོང་བ་དང་བརྗེ་སྒྱུར་བྱེད་པའི་ཁྱབ་རྒྱ་ཆེ་རུ་དང་ཚད་གཞི་མཐོ་རུ་བཏང་བའི་བར། དེ་ནས་ས་གནས་ཁག་གིས་ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱེད་པ་དང་ཞིང་ལས་རྩལ་ནུས་ཁྱབ་གདལ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་ སོགས་ཀྱི་བར། ཐོན་སློབ་ཞིབ་སྤྱོད་གཞི་གཅིག་ཅན་གྱི་གསར་གཏོད་ལམ་སྲོལ་མགྱོགས་མྱུར་གཏོད་པ་དང་བསྟུན་ནས། སྲིད་ཇུས་མཁོ་སྤྲོད་དང་ལྷུ་ཚིགས་ཁག་གི་དགོས་མཁོ་མཉམ་འདྲེས་གང་ལེགས་ཐུབ་པས། ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་རྩལ་ནུས་ངོམ་སའི་བར་སྟོང་དེ་བས་ཆེ་བ་ཞིག་ཐོབ་ཡོད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཅུན་གྱིས། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྤྱི་ཡོངས་ནུས་པ་མཐོ་རུ་གཏོང་རྒྱུར་དམིགས་ནས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་མགྱོགས་སུ་གཏོང་བ་དང་། ལྷག་པར་དུ་ཁེ་ལས་གཙོ་བོར་འཛིན་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་མགྱོགས་མྱུར་ཁྱབ་གདལ་གཏོང་བ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་རང་ཚུགས་རང་སྤེལ་གང་མགྱོགས་མངོན་འགྱུར་ཐུབ་པ་བཅས་བྱས་ནས། ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་ཆེད་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། 

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།