ཟླ3ཚེས24ཉིན། ནེ་པ་ལའི་ཡུལ་ཤུལ་ཆུ་གསུམ་འགོ་ཁུངས་རྒྱལ་སྤྱིའི་ཟོང་འདྲེན་ཀུང་སི(གཤམ་དུ་ཆུ་གསུམ་ཟོང་འདྲེན་ཞེས་བསྡུ་རྒྱུ)དེ་ནེ་པ་ལའི་ཀ་ཏ་མན་རྡུ་རུ་གཉེར་ནས་དངོས་སུ་སྒོ་ཕྱེས་ཤིང་། དེ་ནི་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འགྲོ་འོང་དང་དཔལ་འབྱོར་རིག་གནས་བརྗེ་སྤེལ་ཐད་བཙུགས་པའི་ཕན་ཕྱོད་སྔར་ལས་མཐོ་ལ། སྟབས་སྔར་ལས་བདེ་བའི་འབྲེལ་ཟམ་ཞིག་རེད། ནེ་པ་ལའི་དེ་སྔའི་ཆ་འཕྲིན་དང་བརྡ་འཕྲིན་ལག་རྩལ་པུའུ་ཀྲང་། གྲོས་ཁང་འོག་མའི་གྲོས་མི་ཀེ་ཁུར·ཕུ་ར་ས་ཏེ·པ་སི་ཁེ་ཐ། ནེ་པ་ལའི་ཕྱིར་སྡོད་རང་མིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཞའོ་ཏུང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་སྐལ་བཀྲ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བརྒྱ་ལྷག་བཅས་སྒོ་འབྱེད་པའི་མཛད་སྒོར་ཞུགས།
ཀེ་ཁུར·ཕུ་ར་ས་ཏེ·པ་སི་ཁེ་ཐ་ཡིས་ཤིས་ཚིག་ཁྲོད་འདི་སྐད། ནེ་པ་ལའི་དངོས་ཟོག་མང་པོ་ཞིག་ཀྲུང་གོས་མཁོ་འདོན་ལ་བརྟེན་དགོས་པས། ས་བབ་དང་རང་བྱུང་གི་ཆ་རྐྱེན་ཇི་འདྲའི་ཡ་ང་ན་ཡང་། ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ཁག་ཁྱད་གསོད་ཀྱིས་ནེ་པ་ལའི་དཔལ་འབྱོར་གོང་སྤེལ་དང་དམངས་ཚིས་ལེགས་བསྒྱུར་བཅས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། ཀུང་སི་གསར་པ་འདི་བཙུགས་རྗེས་ཉོ་ཚོང་གི་མ་རྩ་སྔར་ལས་མར་བཅག་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་རེད་ཟེར།
སྐལ་བཀྲ་ཡིས་ཤིས་ཚིག་ཁྲོད་འདི་སྐད། ཀྲུང་གོ་དང་ནེ་པ་ལའི་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ནི་རི་རྒྱལ་ལྷུན་པོ་བཞིན་བརྟན་ཞིང་། ཆུ་རྒྱུན་རིང་མོ་བཞིན་ཕྱི་ཐག་རིང་། ཡུལ་ཤུལ་ནི“རྒྱུད་གཅིག་ལམ་གཅིག”གི་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་འགན་འཁྲི་གསར་པ་ཐེག་ཡོད། ཆུ་གསུམ་འགོ་ཁུངས་ཟོང་འདྲེན་ཀུང་སི་འདི་བཙུགས་རྗེས། ས་ཁོངས་བར་གྱི་རྒྱལ་སྤྱིའི་ཟོང་འདྲེན་ནུས་པ་ཇེ་ཆེར་གཏང་ཐུབ་པ་མ་ཟད། ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་འགྲོ་འོང་སྔར་ལས་སྟབས་བདེ་ལ་ཕན་ཕྱོད་ཆེན་པོ་ཡོང་བ་ལ་ཡང་རོགས་འདེགས་བྱ་ཐུབ། ཡུལ་ཤུལ་བཟོ་ཚོང་མཉམ་འབྲེལ་གྱིས་འབྲེལ་ཐག་གི་ནུས་པ་ཆེན་པོ་འདི་ཧུར་ཐག་གིས་བཏོན་ཏེ། ཁེ་ལས་ལ་སྲིད་ཇུས་ཀྱི་ཆ་ནས་རྒྱབ་སྐྱོར་དང་ཁྲོམ་ར་བསྐྱེད་ཐབས་དར་སྤེལ། ལས་རིགས་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ནས་ཁེ་ལས་སྤུས་ལེགས་པའི་སྒོ་ནས་གོང་དུ་འཕེལ་བར་རོགས་བྱ་རྒྱུ་ཡིན་ཟེར།
ཆུ་གསུམ་འགོ་ཁུངས་ཟོང་འདྲེན་ཀུང་སིའི་སྤྱི་གཉེར་བ་བཀྲ་ཤིས་ཉི་མས་འདི་སྐད། ཀུང་སིས་རྒྱལ་མཚམས་བརྒལ་བའི་ཟོང་འདྲེན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ནང་གི་ཞིང་གྲོང་མྱུར་སྐྱེལ་ཀུང་སི40ལྷག་ལ་གཞི་བཅོལ་ནས་མཚོ་བོད་མཐོ་སྒང་གི་ཉོ་ཚོང་ས་ཚིགས་གཙོ་བོ་ཡོངས་ལ་ཁྱབ་པའི་ཟོང་འདྲེན་དྲ་རྒྱ་ཞིག་ཆགས་སུ་བཅུག་པའི་ཐོག དམིགས་སུ་ཀྲུང་ནེ་ཕྱོགས་གཉིས་ཀྱི་ཟོང་འདྲེན་ལམ་བུ་གཙོ་ཆེ་ཁག་བཏོད་ནས“ཀྲུང་གོའི་བཟོ་སྐྲུན”དང“ནེ་པ་ལས་ཁྱད་ལྡན་ཐོན་རྫས”ཀྱི་འགྲོ་འོང་སྔར་ལས་ཕན་ཆོད་པ་ཞིག་མངོན་འགྱུར་བྱ་འཆར་ཡོད་ཟེར།
ཉེ་བའི་ལོ་རིང་ལ། ནེ་པ་ལ་དེ་ཡུལ་ཤུལ་ཁུལ་གྱི་ཉོ་ཚོང་མཉམ་ལས་ཀྱི་རོགས་ཟླ་གཙོ་བོར་གྱུར་ཡོད། ཡུལ་ཤུལ་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འབོད་སྐུལ་དང་དུ་བླངས་ཏེ། ཉོ་ཚོང་འགྲེམ་ཚོང་དང་། གཟུགས་འདས་འཁྲབ་འགྲེམ། མཚམས་འདྲི་བརྗེ་སྤེལ་ལ་སོགས་ཁྱབ་ཁོངས་དུ་མ་དང་རིམ་པ་དུ་མ་ནས་བརྗེ་སྤེལ་མཉམ་ལས་ཟབ་མོ་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་པ་དང་། འབྲེལ་འདྲིས་མཉམ་ལས་ཀྱི་འབྲེལ་ཟམ་གལ་ཆེན་བརྟན་པོ་བཙུགས་ནས་ས་གནས་གཉིས་ཀྱི་མདུན་ལྗོངས་མཉམ་སྤྱོད་དང་། དམངས་སེམས་གཅིག་ནས་གཅིག་ལ་འདྲིས་བར་སྐུལ་འདེད་བཏང་ཡོད་དོ། །