ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལ། 2025ལོའི་གངས་དཀར་གངས་ཤུད་རི་འཛེག་གདུན་ཞུ་འགྲན་སྡུར་དེ་ཟླ3ཚེས26ཉིན་ནས་ཚེས31ཉིན་གངས་དཀར་རི་རྩེ་ནས་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་པེ་ཅིང་དང་། ཀུའེ་ཀྲོའུ། ཧའེ་ལུང་ཅིང་། ཡུན་ནན། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་ལྗོངས8ནས་ཡོང་བའི་ལུས་རྩལ་པ109འགྲན་སྡུར་ལ་ཞུགས་རྒྱུ་རེད། འགྲན་སྡུར་དེ་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་དགུན་དུས་རྣམ་གྲངས་དང་ལྗོངས་ཕྱིའི་ལུས་རྩལ་དོ་དམ་ལྟེ་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་རང་བཞིན་གྱི་གངས་ཤུད་རི་འཛེག་འགྲན་སྡུར་ཞིག་ཡིན་ལ། འཛམ་གླིང་གི་ས་བབ་མཐོ་ཤོས་སུ་སྤེལ་བའི་འགྲན་རྩོད་རང་བཞིན་གྱི་གངས་ཤུད་རི་འཛེག་གི་འགྲན་སྡུར་ཉག་ཅིག་ཀྱང་རེད།
ཟླ3ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུ། སྲིད་ཁྲིམས་ཨུའི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་དེར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ལས་ཀ་ཡོངས་སུ་མཇུག་སྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་ཚར། ཉེ་ལམ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་བཞིན་དུ་ལྐོག་རྔན་བླངས་པའི་ཉེས་ཅན་དབྱང་ཧྥ་སེན་འཛིན་བཟུང་བྱ་རྒྱུ་ཐག་བཅད་ལ། གྱོད་དོན་དེ་ད་ལྟ་སྒྲུབ་བཞིན་པའི་སྒང་རེད།
ཚེས21ཉིན་བསྒྲགས་པའི་གནས་ཚུལ། ཉེ་བའི་ལོ་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་འཇོན་མི་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། “ཁུ་ནུའི་མཛངས་མི”ཞེས་པའི་འགུལ་སྐྱོད་འཆར་འགོད་སྐུལ་འདེད་གཏིང་ཟབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་འཇོན་མིའི་ལས་དོན་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཝང་ཙོང་ལི་ཡིས་ངོ་སྤྲོད་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱིས་ལྷད་མེད་རྩིས་ཤུགས་ཐད་ཀྱི་འཇོན་མི་དམིགས་སུ་བཟུང་བའི་བྱེད་ཐབས་བཅུ》ཡི་ནང་། “ཁུ་ནུའི་འཛངས་མི་སྟེ་གསར་གཏོད་དང་ལས་གཏོད་རྩེ་གྲའི་འཇོན་མི”འཆར་འགོད་ཀྱི་ཁྲོད་དུ་ལོ་རེར30%ཡན་གྱི་དམིགས་ཚད་ཆེད་དུ་ལྷད་མེད་རྩིས་ཤུགས་ཁྱབ་ཁོངས་ཀྱི་ཉེར་མཁོའི་འཇོན་མི་དཔྱད་འདེམས་ཐད་སྤྱད་པ་ཡིན། ན་ནིང་གི་ལོ་མཇུག་ཏུ། ང་ཚོས“སུ་ཡོང་ན་སུ་འདེམས་པ། འགུལ་རྣམ་འདེམས་གསེས།”ཀྱི་ལམ་ནས“ལྷད་མེད་རྩིས་ཤུགས་ཀྱི་འཇོན་མིའི་འཆར་འགོད”སྙན་ཞུ་འོས་སྦྱོར་བྱས་ཏེ། བདམས་ཐོན་བྱུང་བའི་མི115དང་དཔུང་སྡེ2ལ་རྒྱབ་སྐྱོར་ཐོབ་པ་དང་། འདེམས་ཐོན་བྱུང་བའི་ལྷད་མེད་རྩིས་ཤུགས་ཀྱི་འཇོན་མི་དག་རྩེ་གྲ་དང་། སྣེ་ཁྲིད། ཕུལ་བྱུང་བཅས་རིམ་པ་གསུམ་དུ་བགར་ནས་རྒྱབ་སྐྱོར་བྱས་ཡོད་ཟེར།
ཟླ3ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས《ཏང་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་གཏང་དགོས་པའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། རང་ཞིང་གི་སློབ་སྦྱོང་དང་སློབ་གསོ་ལས་དོན་བཀོད་སྒྲིག་བྱེད་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་མཛད་པ་མ་ཟད་གཏམ་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཏུང་ཁྲོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཆི་ཧྲན་བཅས་ཚོགས་འདུར་ཞུགས།
ཟླ3ཚེས20ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཧྲ་ཐེའི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་ཀྲུང་གོ་ཁུལ་གྱི་ཀྲུའུ་ཞི་སའེ་ལེ·ཆབ་ཏའེ་འཁོར་དང་བཅས་པར་བཞུགས་མོལ་གནང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་ལེན་དོན་འཁྱོལ་དང་། ནུས་ཁོངས་གཙང་མ་དང་། གནོད་མེད་གློག་གི་ཆིང་རྫས་འགོག་པ། ཆུའི་ཐོན་ཁུངས་ཀྱི་ནུས་ཕྱོད་ཆེན་པོ་བེད་སྤྱོད། ལྷད་མེད་རྩིས་ཤུགས་ལ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ཁྲོད་ཀྱི་དམིགས་ཚད་ལས་གཞི་མཉམ་སྐྲུན་བྱས་ནས་ཀྲུང་གོ་དང་ཧྲ་ཐའེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་ཀྱི་འབྲེལ་བ་བཟང་བོ་ཇེ་ཟབ་དུ་འགྲོ་བ་ལ་སྟོབས་ཤུགས་འབུལ་དགོས་པའི་ཐད་ནས་བཞུགས་མོལ་གནང་།
ཟླ3ཚེས20ཉིན། མཚོ་སྔོན་ལྷད་མེད་རྩིས་ཤུགས་ཐོན་ལས་གོང་སྤེལ་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་དེ་ཟླ3ཚེས28ཉིན་གྱིས་པེ་ཅིང་དུ་འཚོག་རྒྱུ་རེད། དེ་ནི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་རྗེས་སུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཕྱི་ནས་སྤེལ་བའི་ཚོང་འགུགས་བྱེད་སྒོ་ཐོག་མ་རེད། གཙོ་བོ་འཕེལ་རྒྱས་གྲུབ་འབྲས་ངོམ་སྟོན་དང་། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད། ཕྱོགས་བཞིའི་མཉམ་ལས་ནང་འགུག་བཅས་ལ་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་མཚོ་སྔོན་གྱི་ལྷད་མེད་རྩིས་ཤུགས་ཀྱི་ཐོན་ལས་འོས་སྦྱོར་བྱ་བ་དང་། ཁེ་ལས་དང་འཇོན་མི། ཐོན་ཁུངས་སྔར་ལས་མང་པོ་ཞིག་ཚུར་མཚོ་སྔོན་དུ་བཀུགས་ཏེ། ཐོན་ལས་རྒྱུད་མཐུད་ངང་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏང་ཆེད་རེད།
ཟླ3ཚེས20ཉིན། 2025ལོའི“མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས”ཀྱི་མུ་འབྲེལ་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ། ཐེངས་འདིའི་བྱེད་སྒོ་ནི“ཁྱབ་ཁོངས་ཡོངས་མཉམ་འགུལ། དུས་ཚིགས་ཡོངས་སུ་ནུས་བསྐྱེད། དམངས་ཡོངས་ཀྱིས་མཉམ་སྤྱོད”བྱེད་པའི་དགོངས་དོན་ལྟར། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ངོ་མཚར་ལྟད་མོ་དང་མེ་ལོང་ལྟར་གསལ་བའི་མཚོ་དར། དུས་བྱ་ལོག་ཕེབས། གསེར་ཉ་ལ་སོགས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། དཔྱིད་དུས་ཀྱི་མཚོ་སྐོར་སྐྱེ་ཁམས་ཡུལ་སྐོར་དར་སྤེལ་གོ་སྐབས་སུ་བཟུང་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། ཞིང་ཕྱུགས་ཐོན་རྫས་འོས་སྦྱོར། དམངས་སྲོལ་རིག་གནས་ངོམ་སྟོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་བཅས་བརྒྱུད“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་དོན”བཅས་ཐོན་ལས་མཉམ་སྤེལ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་དུ་སྤེལ་བ་ཞིག་རེད།
ཟླ3ཚེས20ཉིན། “རྒྱལ་ཡོངས་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་བཅུ་བཞི་བའི་པེ་ཅིང་དུ་བསྐྱོད་པའི་བརྩམས་ཆོས(ཁག་ཅིག)སྐོར་འགྲེམ་ལས་མཚོ་སྔོན”ཞེས་པ་མཚོ་སྔོན་མཛེས་རྩལ་ཁང་དུ་སྤེལ། ཐེངས་འདིའི་འགྲེམ་སྟོན་ནི་རྒྱལ་ཡོངས་སུ་སྐོར་འགྲེམ་བྱས་པའི་ས་ཚིགས་གཉིས་པ་ཡིན་ཞིང་། ཁྱོན་བརྩམས་ཆོས330འགྲེམས་སྟོན་བྱས་ཡོད་པ་དང་། ཀྲུང་གོའི་སྲོལ་རྒྱུན་གྱི་རི་མོ་དང་། སྣུམ་ཚོན་རི་མོ། པར་གཞིའི་རི་མོ། འབར་རྐོས་སོགས་རིགས་དུ་མ་འདུ། བརྩམས་ཆོས་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་པས། མི་དམངས་རང་བཞིན་དང་དུས་རབས་རང་བཞིན། འཚོལ་ཞིབ་རང་བཞིན་བཅས་ཀྱི་ཁྱད་ཆོས་གཟེངས་སུ་མངོན།
ཟླ3ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཟི་ལིང་དུ་ནུབ་རྒྱུད་གནམ་ཐང་སྡེ་ཤོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དབྱང་ཨོའུ་འཁོར་དང་བཅས་པར་བཞུགས་མོལ་གནང་ཞིང་། རྣམ་པ་གཉིས་ཀྱིས་དབྱང་ཨོའུ་ལྷན་རྒྱས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད་ནུབ་རྒྱུད་གནམ་ཐང་སྡེ་ཤོག་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བཞུགས་མོལ་ཁྲོད་ཧྲན་ཞི་དང་མཚོ་སྔོན་གནམ་ཐང་མཉམ་འབྲེལ་བྱས་ནས་ལོ་ངོ20འཁོར་བ་གོ་སྐབས་སུ་བཟུང་སྟེ། སྐྱེ་ཁམས་ཡུལ་སྐོར་དང་ལྷད་མེད་སྐྱེས་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། མཁའ་དམན་དཔལ་འབྱོར་ལ་སོགས་ཕྱོགས་ནས་མཉམ་ལས་ཟབ་མོ་བྱས་ཐོག“ལོ་ལྔ་ཚན་བཅོ་ལྔ་བའི་འཆར་འགོད” དུས་ཀྱི་དམངས་སྤྱོད་མཁའ་འགྲུལ་གོང་སྤེལ་ཐད་ལ་འཆར་གཞི་ཆེན་པོ་བཟོས་ནས་རང་ཞིང་གི་མཁའ་འགྲུལ་གྱི་ལས་སྟངས་གསར་པ་ཕུན་སུམ་ཚོགས་པར་གཏོང་བར་ཤུགས་སྣོན་དང་། ཟི་ལིང་གནམ་ཐང་གི་དུས་སྐབས་གསུམ་པའི་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞི་བདེ་འཇགས་ཡིན་ལ་སྤུས་ལེགས་པའི་སྒོ་ནས་ལམ་རིམ་ཇེ་མགྱོགས་བཏང་སྟེ། རབ་མཛེས་མཚོ་སྔོན་གྱི་གཟུགས་བརྙན་མངོན་པའི་སྒོ་མོ་ལྟ་བུ་ཞིག་བསྐྲུན་ཐུབ་པ། མུ་མཐུད་དུ་གསེར་ཆེན་དང་རྨ་ལྷོ། ནང་ཆེན། གཅིག་སྒྲིལ་སོགས་ཀྱི་ཡན་ལག་གནམ་ཐང་གི་སྔོན་འགྲོའི་འབྲེལ་ཡོད་ལས་ཀར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་གོང་སྤེལ་དེ་སྐས་རིམ་གསར་པ་ཞིག་ལ་སྙེག་པར་སྐུལ་འདེད་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་རམ་འདེགས་བཅས་བྱ་ཐུབ་རྒྱུ་རེ་བ་ཡིན་ཞེས་བསྟན།
ཟླ3ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན། ད་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་ལོ60ཡན་དང་དེའི་ཡན་གྱི་རྒན་རྒོན་མི་འབོར་ཁྲི92ལ་བསླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར་གྱི15.5%ཟིན། མཚོ་སྔོན་ཞིང་ཆེན་གྱིས་ད་ལྟ་རྒན་གསོ་ལས་ཁུངས་དང་ཞབས་ཞུ་སྒྲིག་ཆས1868 བཙུགས་ཡོད་ཅིང་། མལ་ཁྲི23470། དེ་ལས་ལྟ་སྐྱོང་ཅན་གྱི་ཉལ་ཁྲིས་བསྡུར་ཚད་ཀྱི58%ཟིན་པས། རྒན་གསོ་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོ་ནས“ཐོག་མར་མེད་པ་ནས་ཡོད་པར”གྱར་ནས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ཡོད་པ་རེད།
ཉེ་ལམ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་སྒོར་ཞུགས་མཁན་གྱི་ཁེ་ལས་དང་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ། 《2025ལོའི་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་སྒོར་ཞུགས་མཁན་རྣམས་ལ་གསལ་འདེབས་སུ་གནང་བའི་བསླབ་བྱ་ཡི་གེ》བསྒྲགས། དེའི་ནང་བྱེད་སྒོ་དེར་ཞུགས་མཁན་གྱི་ཁེ་ལས་དང་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་ཡི་ལས་ཀའི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ཏེ། ཁྲིམས་མཐུན་དང་ཡིད་རྟོན་ཚོང་གཉེར་དང་འདྲ་མཉམ་ཁྲིམས་མཐུན་གྱི་ཉོ་ཚོང་འདུ་ཤེས་བཞེངས་བསྐྲུན་བྱེད་དགོས་པ་དང་། བྱེད་སྒོར་ཞུགས་མཁན་གྱི་ཁེ་ལས་ཀྱིས་ཁ་གསབ་གཟིགས་སྐྱོང་བྱེད་ཐབས་སོགས་ལག་བསྟར་གྱི་གོ་རིམ་ནང་། ལུགས་མཐུན་མིན་པའི་རིན་བསྡུའི་རྣམ་གྲངས་ཁ་སྣོན་བྱེད་མི་ཆོག་པ་དང་། གཞལ་བྱའི་ཁྲལ་དངུལ་འཛད་སྤྱོད་པའི་སྟེང་ལ་བསྐོར་མི་ཆོག་པ། ངོ་བོ་བསྒྱུར་ནས་འཛད་སྤྱོད་པའི་མ་རྩ་ཇེ་མཐོར་གཏང་བ་སོགས་བྱ་མི་རུང་། དེ་མིན་རྒྱུ་སྤུས་ཞན་པས་རྒྱུ་སྤུས་ལེགས་པོའི་ཐོན་རྫས་ཀྱི་ཚབ་སྤྱད་མི་ཆོག་པ། ཁ་གསབ་གཡོ་ལེན་བྱ་མི་ཆོག་པ། ཁྲིམས་འགལ་གྱི་སྒོ་ནས་འཛིན་བྱང་འདོན་མི་ཆོག་པ་དང་གཞན་ལ་བསྐོར་མི་ཆོག་པ། གཞན་ལ་གཡར་མི་ཆོག་པ། “ཐོན་རྫས་ཕྱིར་སློག་ཀྱང་ཁ་གསབ་མི་སློག་པ”བྱ་མི་ཆོག་པ། “ཐོན་རྫས་གཅིག་མང་པོ་ཉོ་མི་ཆོག་པ”སོགས་ཁ་གསབ་གཡོ་ལེན་གྱི་བྱ་སྤྱོད་རིགས་སྤེལ་མི་ཆོག་པ་གསལ་བོར་བསྟན།
ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་རི་དྭགས་རྐྱང་ལ་ཆེད་དོན་རྟོག་ཞིབ་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས་ཤིང་། ཐེངས་དེའི་རྟོག་ཞིབ་ཁྲོད་ཁྱོན་རྐྱང13060ཟིན་ཐོར་འགོད་ཐུབ་པ་བྱུང་ལ། མང་ཆེ་བ་རྨ་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་བཅས་ཀྱི་ས་ཁོངས་ན་ཡོད་པ་རེད། ངོ་སྤྲོད་ལྟར་ན། ཟླ1པོའི་ཚེས9ཉིན་ནས་ཚེས25ཉིན་བར་དུ། རྟོག་ཞིབ་དཔུང་ཁག་གིས་རྟོག་ཞིབ་པ་ཁྱོན24ཡོད་པ་མི6གིས་གྲུབ་པའི་ཚན་ཆུང་རེར་བགོས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྐྱང་ཡོད་སའི་ས་ཁོངས་སུ་རྟོག་ཞིབ་ཏུ་བསྐྱོད། ཐེངས་དེའི་རྟོག་ཞིབ་ཁྲོད་འབྲོང597དང་། གཙོད1001། དགོ་དམར2973། ཤ་སྐྱ118། སྤྱང་ཀི83། ཝ86། ཝ་དམར4། དྲེད་མོང1བཅས་ཟིན་ཐོ་རུ་འགོད་ཐུབ་པ་བྱུང་། ཐེངས་འདིའི་དགུན་དུས་ཀྱི་རྟོག་ཞིབ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྐྱང་ལ་ཆེད་དོན་དུ་སྤེལ་བའི་རྟོག་ཞིབ་རེབ་དང་པོ་ཡིན། 2025ལོའི་ཟླ8པ་དང་ཟླ11པའི་ཟླ་སྨད་དུ་སོ་སོ་ནས་རྟོག་ཞིབ་ཐེངས་རེ་བྱ་བའི་འཆར་གཞི་ཡོད་དོ། །
ཉེ་ལམ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་རུ་གསར་གྲོང་རྡལ་གྱི་སྡེ་བ་ཞིག་ནས་གློ་བུར་དུ་རི་མེར་ཤོར་བའི་དོན་རྐྱེན་བྱུང་། རྟོག་ཞིབ་བརྒྱུད་དེ་ནི་ཧྲི་ཆེ་གེ་མོས་རང་ཁྱིམ་གྱི་ཞིང་ནང་གི་སོག་ཤུལ་མེར་གསེག་སྐབས་སྟབས་མ་ལེགས་པར་མེ་རི་ལ་མཆེད་དེ་ནགས་རི་མེར་ཤོར་བ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅོ་ལྔ་བའི་གཏན་འབེབས་ལྟར་ན། ཧྲི་ཆེ་གེ་མོ་ནི་མེ་སྐྱོན་དེ་བཟོ་མཁན་གྱི་ཉེས་ཅན་ལ་སོང་ཡོད་ཕྱིན། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་བྱེད་ཐབས་ནན་མོ་སྤྱད་དེ་གྱོད་གཞི་སྒྲུབ་བཞིན་པའི་སྒང་རེད། ཚང་མར་གསལ་འདེབས་བྱ་རྒྱུ་ཞིག་ལ། ད་ནི་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་ལ་དོགས་ཟོན་ནན་མོ་བྱེད་པའི་གནད་འགག་གི་དུས་ཚིགས་ཤིག་ཡིན་པར་མ་ཟད། དཔྱིད་རྨོད་དང་། དཔྱིད་མཉམ་གྱི་དར་མཆོད་ལ་སོགས་བྱེད་སྒོ་ཇེ་མང་ཡིན་པས། ཕྱི་རོལ་ནས་མེ་སྤྱོད་དུས་ཚོད་འཛིན་བྱེད་དཀའ་ལ། ནགས་ཚལ་དང་རྩྭ་སའི་མེ་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཆེ། རྒྱ་ཆེའི་མང་ཚོགས་ཀྱིས་ནགས་ཚལ་དང་རྩྭ་སའི་མེ་འགོག་གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ཏེ། རང་རྟོགས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱི་སྒོ་ནས་མེ་གང་དགར་མི་སྤྱོད་རྒྱུ་གལ་ཆེ། གལ་ཏེ་མེ་འགོག་མེ་ཟོན་གྱི་གཏན་འབེབས་དང་འགལ་ཏེ་མེ་ཡི་གནོད་པ་ཚབས་ཆེན་བཟོས་པ་ཡིན་ན། ཁྲིམས་བཞིན་དུ་ཁྲིམས་ཆད་ནན་མོ་གཅད་རྒྱུ་མ་ཟད། མཇུག་འབྲས་ཚབས་ཆེན་ལ་ཉེས་དམིགས་ལྟར་བཅའ་ཁྲིམས་ཀྱི་འགན་འདེད་ངེས་པས། ཚང་མས་མེ་སྤྱོད་མེ་འགོག་གི་ཐད་ལ་དོགས་ཟོན་ནན་མོ་ཡོད་པར་གྱིས།
ཟླ3ཚེས17ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡི་དྲ་ཚིགས་སུ《རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྒྱུད་འཛིན་པ་སྐོར་དྲུག་པ་ཁྱབ་སྒྲོག་བྱ་བའི་སྐོར་གྱི་བརྡ་ཐོ》སྤེལ་ཡོད་ལ། བརྡ་ཐོའི་ནང་རྒྱལ་ཡོངས་ནས་རྒྱུད་འཛིན་པ942བདམས་ཡོད་ཅིང་། དེའི་ནང་མཚོ་སྔོན་གྱི་རྒྱུད་འཛིན་པ16ཡོད་པ་ལས་བོད་རིགས་རྒྱུད་འཛིན་པ10ཚུད་ཡོད་དོ། །
ཟླ3ཚེས16ཉིན། ལྗར་པན་ནན་མའེ་རུ་འཚོགས་པའི2025ལོའི་གླིང་ཆེན་ཨེ་ཤ་ཡའི་འདར་རྒྱུག་ལེགས་སྐྱེས་འགྲན་སྡུར་ཁྲོད། ཀྲུང་གོའི་འཐུས་ཚབ་རུ་ཁག་གི་ལུས་རྩལ་པ་སྟེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནས་ཡིན་པའི་འགྲན་ཞུགས་པ་མཁའ་འགྲོ་བདེ་སྐྱིད་ཀྱིས་མྱུར་ཚད་ཆུ་ཚོད་སྐར་མ23དང་སྐར་ཆ09ཡི་གྲུབ་འབྲས་ལ་བརྟེན་ནས་ན་གཞོན་སྐྱེས་མའི་ཚན་ཆུང་གི་ལེ་དབར5ཅན་གྱི་འདར་རྒྱུག་འགྲན་སྡུར་ཁྲོད་ཨང་བཞི་པ་བླངས་པའི་གཏམ་བཟང་ཞིག་འབྲི་སྟོད་རྫོང་གཞུང་ཕྱོགས་འཕྲིན་སྟེགས་ན་སྤེལ་འདུག
ཟླ3ཚེས15ཉིན་བསྒྲགས་པའི་གནས་ཚུལ་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས“རྒྱལ་ཡོངས་བཟའ་ཆས་བདེ་འཇགས་ཞུ་གཏུག་མ་ལག”གསར་སྤེལ་བྱས་ཏེ། ཟླ5པའི་ཚེས1ཉིན་ནས་དངོས་སུ་དྲ་སྒོ་འབྱེད་རྒྱུ་རེད། དེས་བཟའ་ཆས་ལས་གཉེར་བ་དང་འབྲེལ་ཡོད་མི་སྣས་བཟའ་ཆས་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་མི་མངོན་ཉེན་ཁ་ཆེན་པོ་ཡོད་པའི་རིགས་ཞུ་གཏུག་བྱེད་པར་ཡར་སྐུལ་ལ་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་རེད།
ཉེ་སྔོན། མཚོ་སྔོན་རྐང་རྩེད་སྤོ་ལོ་མཐུན་ཚོགས་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་བྱིས་པ3གྱིས་ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་གི་ཁྲང་ཁྲུན་ཡ་ཐའེU11རུ་ཁག་དང་གན་རྒྱ་བཞག་ཅིང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་བྱིས་པ་གཅིག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱིས་པ་གཉིས་ཡོད་ཅིང་། དེ་གཉིས་ནི་ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་ཚེ་རིང་ཉི་མ་དང་བསོད་ནམས་དར་རྒྱས་གཉིས་རེད།
ད་ལོའི་ཟླ4ཚེས1ཉིན་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་སྡེ་ཤོག་གིས་ལོ60ལ་སོན་པའི་སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་ཐོགས་མཁན་དང་། ཀང་ཨའོ་སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་ཐོགས་མཁན། ཐའེ་ཝན་སྡོད་དམངས་ཀྱི་ལག་འཁྱེར་ཐོགས་མཁན། ཀང་ཨའོ་ནས་ནང་ལོགས་བར་ཕར་ཚུར་འགྲོ་འོང་བྱེད་ཆོག་པའི་ལམ་ཡིག་ཐོགས་མཁན། ཐེ་ཝན་ནས་ནང་ལོགས་བར་ཕར་ཚུར་འགྲོ་འོང་བྱེད་ཆོག་པའི་ལམ་ཡིག་ཐོགས་མཁན། རྒྱལ་ཕྱིར་དུས་གཏན་དུ་སྡོད་པའི་ཐོབ་ཐང་ལག་འཁྱེར་ཐོགས་མཁན་བཅས་དུས་རྒྱུན་ཡུལ་སྐོར་ལ་འགྲོ་མཁན་རྣམས་ལ་སྐར་གསོག་གི་གཟིགས་སྐྱོང་ཞིག་སྤེལ་ཡོད་དེ། སྐར་མ་ཚད་ལོངས་པ་ཞིག་བསགས་རྗེས་དེ་མེ་འཁོར་པ་སེ་ལ་བརྗེ་ཐུབ་པ་ཞིག་བཏོན་ཡོད་པ་རེད། དེ་ནི་སྒོར1000བཀོལ་ནས་མེ་འཁོར་ལ་བསྡད་པ་ཡིན་ན། སྐར་མ་ཁྲི1.5ཐོབ་པ་དང་། སྐར་མ་ཁྲི1.5དེ་མེ་འཁོར་པ་སེ་ལ་བརྗེ་ན་སྒོར150ཡི་ཚབ་བྱེད་ཐུབ་པ་རེད།
ཟླ3ཚེས20ཉིན། ཀྲུང་གོས་ད་ལོའི་ལོ་སྟོད་ཅིག་ལ་ཁ་ན་ཏའི་སྤྱི་དམངས་ཡིན་པའི་མི4ཡིས་དུག་ཚོང་བརྒྱབ་པའི་ཉེས་དམིགས་བསགས་པའི་དབང་གིས་སྲོག་ཁྲིམས་བཅད་པ་ལ་ཁ་ན་ཏ་རྒྱལ་ཁབ་ཀྱིས“རྒོལ་གཏམ”སྤེལ་འདུག་ལ། དེར་ཀྲུང་གོའི་ཕྱོགས་ནས་རྒོལ་ལན་ཅི་ཞིག་སྤྲད་ཡོད་ཅེས་ཀྲུང་གོའི་ཕྱི་འབྲེལ་པུའུ་མགྲིན་ཚབ་པ་མའོ་ཉིང་ལ་འདྲི་སྐབས། མོས་ལན་དུ། དུག་རྫས་ཀྱི་ཉེས་ཅན་ལ་རྡུང་རྡེག་གཏང་རྒྱུ་ནི་རྒྱལ་ཁབ་སོ་སོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཡིན། ཀྲུང་གོ་ནི་ཁྲིམས་སྐྱོང་གི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁོངས་མི་གཅིག་པའི་མི་ཡོངས་ལ་ཁྱད་པར་ཅི་ཡང་མེད་པར་ཁྲིམས་བཞིན་དུ་དྲང་བཞག་གི་སྒོ་ནས་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད། ཁྲིམས་བཞིན་དུ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་དང་ཁ་ན་ཏའི་ཕྱོགས་ཀྱི་མགྲིན་ཚབ་ཀྱི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་ཡིན། ཁ་ན་ཏ་ཕྱོགས་ཀྱིས་ཁྲིམས་སྐྱོང་གི་དགོངས་དོན་ལ་བརྩི་སྲུང་བྱས་ཏེ། ཀྲུང་གོའི་ཁྲིམས་འཛིན་གྱི་བདག་དབང་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པ་བསྟན།