མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་མ་ལག་གིས་བྱ་བའི་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ལ་ཆེད་དོན་ལྟ་ཞིབ་བྱེད་པའི་བྱེད་སྒོ་སྤེལ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཆེན་ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད། ཟླ3པའི་ཚེས13ཉིན་ནས་ཚེས14ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་ལྟ་སྐུལ་ཞིབ་བཤེར་ཁྲིམས་འཛིན་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་སྐུལ་ཞིབ་བཤེར་ཁྲིམས་འཛིན་མ་ལག་རྩ་འཛུགས་བྱས་ནས་བྱ་བའི་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ལ་ཆེད་དོན་ལྟ་ཞིབ་བྱེད་པའི་བྱེད་སྒོ་སྤེལ།

བྱེད་སྒོ་སྤེལ་སྐབས་སུ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་ཚོས་གསར་དུ་བཟོ་བཅོས་བྱས་པའི《ལྟ་ཞིབ་བཅའ་ཁྲིམས》ལ་གསལ་འགྲེལ་གཏིང་ཟབ་བྱས་ཏེ། ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་ཚན་འགྱུར་ལྡོག་ནས་དོན་དངོས་བཀོལ་སྤྱོད་བར་དུ་ཞུགས་མཁན་གྱིས་ལྟ་ཞིབ་ལས་དོན་གྱི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་གོ་རིམ་ལ་སྔར་བས་ངོས་འཛིན་གསལ་པོ་བྱུང་དུ་བཅུག དེ་དང་ཆབས་ཅིག རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ནས། 《ལྟ་ཞིབ་བཅའ་ཁྲིམས》ཀྱི་ནང་དོན་ཁག་གཅིག་ལ་འགྲེལ་བཤད་ཞིབ་མོ་བྱེད་དུ་བཅུག་པ་མ་ཟད། ས་གནས་རིམ་པ་ཁག་གི་དམངས་ཆེན་གྱིས་རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་ཨུ་ལྷན་གྱི་མཛུབ་ཁྲིད་བསམ་བློ་དང་། བྱ་བའི་རྩ་དོན། ནང་དོན་གལ་ཆེན། གོ་རིམ་སོགས་ཀྱི་ཐད་ལ་དམིགས་ནས་མཛུབ་ཁྲིད་བྱེད་དུ་བཅུག 

རྒྱུས་ལོན་པ་ལྟར་ན། ས་གནས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལྟ་སྐུལ་ལས་དོན་སྙན་སེང་ཞུ་རྒྱུ་ནི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གལ་ཆེན་གྱི་ནང་དོན་གཙོ་བོ་ཞིག་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། དབང་ཆའི་ཚོད་འཛིན་དང་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།

ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་གྱི་འགན་འཁུར་བས“ད་ཐེངས་ཀྱི་སློབ་སྦྱོང་སྤེལ་རེས་བྱེད་སྒོ་བརྒྱུད་རིམ་པ་ཁག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ལྟ་སྐུལ་ལས་དོན་ལེགས་པོར་བསྒྲུབ་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཉམས་མྱོང་དང་བྱེད་སྟངས་ཕུན་སུམ་ཚོགས་པོ་ཡང་མཁོ་འདོན་བྱས་ཡོད། ང་ཚོས་དམངས་ཆེན་གྱི་ཆེད་དོན་ལྟ་སྐུལ་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། བྱ་བའི་བླང་བྱ་དང་ཚད་ལྡན་གྱི་བརྒྱུད་རིམ་ལ་གཞིར་བཟུང་ནས་ནན་ཏན་གྱིས་ལས་དོན་བསྒྲུབ་ནས། ལྟ་ཞིབ་དབང་ཆ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཚད་ལྡན་དང་ཡང་དག་པའི་སྒོ་ནས་ལག་ལེན་ཏུ་བསྟར་བར་ཁག་ཐེག་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་དམངས་ཆེན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།