མཚོ་སྔོན་གྱིས་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་གི་རྨང་འཛུགས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་བྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་བསྒྲགས་པའི་གཏམ་བཟང་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས2025ལོའི་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་རྨང་འཛུགས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་བྱིན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་དང་ཆུའུ་བཅུ་དགུ་རུ་གྲོང་གསེབ་ཀྱི་ཆུ་འདོན་སྤྲོད་དང་ཆུ་ཕྱིར་གཏོང་གི་སྦུག་དྲ་དང་གྲོང་གསེབ་ཀྱི་གཞུང་ལམ་སོགས་ཞིང་སྡེའི་ཆུང་འབྲིང་རིགས་ཀྱི་རྨང་གཞི་སྒྲིག་ཆས་ཞེ་དགུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྔོན་དཔགས་ལྟར་ན་ངལ་རྩོལ་གླ་ཆ་སྒོར་བྱེ་བ་དགུ་དང་ས་ཡ་གསུམ་བྱིན་ནས། ས་དེའི་ངལ་རྩོལ་པ་སྟོང་གསུམ་དང་དོན་བརྒྱད་ནང་འགུག་བྱེད་རྩིས་ཡོད་ཟེར།

རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་བྱིན་པ་དེས། ས་གནས་དེའི་ཞིང་སྡེའི་ངལ་རྩོལ་པ་དང་ཡོང་སྒོ་དམའ་བའི་མི་གྲངས། ལས་ཞུགས་བྱེད་དཀའ་བའི་མི་ཚོགས་བཅས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་དུ་བཅུག་ནས། ཉེ་འགྲམ་ནས་ལས་ཞུགས་ཡོང་འཕར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་རམ་འདེགས་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ།

ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་རིགས་གཙོ་འགན་སྡེ་ཁག་བར་གྱི་བརྗེ་རེས་སྦྲེལ་མཐུད་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ལས་གཞི་ཇུས་འགོད་ཉར་གསོག་སོགས་སྐབས་སྔོན་མའི་བྱ་བ་བཟང་བོ་བསྒྲུབ་པར་གཞོགས་འདེགས་བྱེད་པ། ཀྲུང་དབྱང་གི་མ་དངུལ་གྱིས་རང་ཞིང་ལ་རྒྱབ་སྐྱོར་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད། དེ་དང་མཉམ་དུ། མ་དངུལ་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཀྲུང་དབྱང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།